(ཚགས་པར་གོང་མར་མཐུད)
དོན་ཚན་དོན་གཉིས་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། འགྲོ་སྐྱོད་ལག་ཁྱེར། ཁ་ལོ་བའི་ལག་ཁྱེར་བཅས་རྫུན་བཟོ་དང་བཟོ་བཅོས་བརྒྱབ་པའམ་ཡང་ན་རྫུན་བཟོ་དང་བཟོ་བཅོས་བྱས་པའི་རིགས་བེད་སྤྱོད་བྱས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྡུ་འཕྲོག་དང་འཕྲུལ་སྒུལ་འཁོར་རིགས་ཉར་འཇོག་བྱ་རྒྱུ་དང་། ཁྲིམས་བཞིན་ཉིན་བཅོ་ལྔ་མན་བཀག་ཉར་བྱ་རྒྱུ་མ་ཟད། དངུལ་ཆད་སྒོར་ཉིས་སྟོང་ཡན་ནས་སྒོར་ལྔ་སྟོང་མན་འགེལ་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
ཞིབ་བཤེར་ཚད་ལོན་མཚོན་རྟགས་དང་འགན་བཅོལ་མཚོན་རྟགས་རྫུན་བཟོ་དང་བཟོ་བཅོས་བརྒྱབ་པའམ་ཡང་ན་རྫུན་བཟོ་དང་བཟོ་བཅོས་བྱས་པའི་རིགས་བེད་སྤྱོད་བྱས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྡུ་འཕྲོག་དང་འཕྲུལ་སྒུལ་འཁོར་རིགས་བཀག་ཉར་བྱ་རྒྱུ་དང་། ཁྲིམས་བཞིན་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་མ་ཟད། དངུལ་ཆད་སྒོར་ཆིག་སྟོང་ཡན་ནས་སྒོར་སུམ་སྟོང་མན་འགེལ་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།
འཕྲུལ་སྒུལ་འཁོར་རིགས་གཞན་དག་གི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། འགྲོ་སྐྱོད་ལག་ཁྱེར། ཞིབ་བཤེར་ཚད་ལོན་མཚོན་རྟགས། འགན་བཅོལ་མཚོན་རྟགས་བཅས་བེད་སྤྱོད་བྱས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྡུ་འཕྲོག་དང་འཕྲུལ་སྒུལ་འཁོར་རིགས་བཀག་ཉར་བྱ་རྒྱུ་དང་། དངུལ་ཆད་སྒོར་ཉིས་སྟོང་ཡན་ནས་སྒོར་ལྔ་སྟོང་མན་འགེལ་རྒྱུ།
དོ་བདག་གིས་དེ་མཚུངས་ཀྱི་ཁྲིམས་མཐུན་ར་སྤྲོད་ཡི་གེ་བཏོན་པའམ་ཡང་ན་དེ་མཚུངས་ཀྱི་འགྲོ་ལུགས་གསབ་སྒྲུབ་བྱས་རིགས་ལ་ངེས་པར་དུ་འཕྲུལ་སྒུལ་འཁོར་རིགས་དེ་མར་ཕྱིར་སྤྲོད་བྱེད་དགོས།
དོན་ཚན་དོན་གསུམ་པ། ཁྲིམས་དང་མ་མཐུན་པར་ཉེན་བརྡ་གཏོང་ཆས་དང་མཚོན་རྟགས་གློག་སྒྲོན་བསྒར་སྒྲིག་བྱས་ཚེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བཙན་ཐབས་ངང་བཤིག་དཀྲོལ་བྱས་ནས་བསྡུ་ལེན་བྱ་རྒྱུ་མ་ཟད། དངུལ་ཆད་སྒོར་ཉིས་སྟོང་ཡན་ནས་སྒོར་ཆིག་སྟོང་ཉིས་བརྒྱ་མན་འགེལ་རྒྱུ།
དོན་ཚན་དོན་བཞི་པ། གཤམ་གསལ་བྱེད་སྤྱོད་རིགས་གཅིག་ཡོད་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དངུལ་ཆད་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་ཉིས་བརྒྱ་མན་འགེལ་རྒྱུ་སྟེ།
(གཅིག) འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོས་པའམ་ཡང་ན་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བཀག་ཉར་བྱེད་རིང་འཁོར་རིགས་གཏོང་མཁན་དང་།
(གཉིས) ཁ་ལོ་བའི་ལག་ཁྱེར་མེད་པ་དང་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོས་པའམ་ཡང་ན་གནས་སྐབས་བཀག་ཉར་བྱས་པའི་མིར་འཕྲུལ་སྒུལ་འཁོར་རིགས་གཏོང་དུ་འཇུག་མཁན།
(གསུམ) འགྲིལ་འགྲུལ་ལས་འཛོལ་བཟོས་ནས་བྲོས་བྱོལ་བྱས་པ་གང་ཞིག་ཉེས་གསོག་གི་ཚད་ལ་སླེབས་མེད་མཁན།
(བཞི) འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་མྱུར་ཚད་དེ་གཏན་འབེབས་ཀྱི་མྱུར་ཚད་ལས་བརྒྱ་ཆ་ལྔ་བཅུ་བརྒལ་མཁན།
(ལྔ) རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་འཕྲུལ་སྒུལ་འཁོར་རིགས་བདེ་འཇགས་ངང་གཏོང་བའི་བླང་བྱ་བཅས་ལས་འགལ་ཏེ་བཙན་ཤེད་ཀྱིས་འཕྲུལ་སྒུལ་འཁོར་རིགས་གཏོང་དུ་བཅུག་ནས་འགྲིམ་འགྲུལ་ལས་འཛོལ་བཟོས་པ་གང་ཞིག་ཉེས་གསོག་གི་ཚད་ལ་སླེབས་མེད་མཁན།
(དྲུག) འགྲིམ་འགྲུལ་བཀག་སྡོམ་གྱི་གཏན་འབེབས་ལས་འགལ་ཏེ་ཨུ་ཚུགས་ཀྱིས་འགྲོ་སྐྱོད་བྱེད་པ་དང་ཁ་ཏ་བསླབ་བྱར་མི་ཉན་མཁན། (བདུན) རྐང་བཙུགས་ནས་འགྲིམ་འགྲུལ་ཡོ་བྱད་ལ་གཏོར་སྐྱོན་གཏོང་བ་དང་། སྤོ་སྒྱུར། སུབ་བཅོས་བཅས་བྱས་ཏེ་མཇུག་འབྲས་ངན་པ་ཚབས་ཆེན་བཟོས་པ་གང་ཞིག་ཉེས་གསོག་གི་ཚད་ལ་སླེབས་མེད་མཁན།
(བརྒྱད) ཁྲིམས་དང་མ་མཐུན་པར་འཕྲུལ་སྒུལ་འཁོར་རིགས་བཀག་པ་དང་བཀག་ཉར་བྱས་ཏེ་ཁ་ཏ་བསླབ་བྱ་བྱས་ཀྱང་མི་ཉན་པར་འགྲིམ་འགྲུལ་ཚབས་ཆེན་འགག་པའམ་ཡང་ན་རྒྱུ་ནོར་གྱོང་གུན་ཆེ་ཙམ་བཟོ་མཁན་བཅས་སོ།
བྱེད་སྤྱོད་སྤེལ་མཁན་རིགས་ལ་གོང་གསལ་ནང་གསེས་གཉིས་པ་དང་བཞི་པའི་ནང་འཁོད་པའི་བྱེད་སྤྱོད་རིགས་གཅིག་ཡོད་ཚེ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་ཆོག་པ་དང་། ནང་གསེས་དང་པོ་དང་། ནང་གསེས་གསུམ་པ། ནང་གསེས་ལྔ་པ་ནས་བརྒྱད་པ་བར་བཅས་ཀྱི་བྱེད་སྤྱོད་རིགས་གཅིག་ཡོད་ཚེ་ཁྲིམས་བཞིན་ཉིན་བཅོ་ལྔ་མན་བཀག་ཉར་བྱེད་ཆོག
དོན་ཚན་དོན་ལྔ་པ། ལྷུ་སྒྲིག་བྱས་པའི་འཕྲུལ་སྒུལ་འཁོར་རིགས་སམ་ཡང་ན་མཁོ་མེད་ལྕགས་རོར་གཏོང་རྒྱུའི་ཚད་ལ་སླེབས་པའི་འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་ཐོག་བཏང་ཚེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་བསྡུ་ལེན་བྱ་རྒྱུ་དང་། བཙན་ཤེད་ཀྱིས་མཁོ་མེད་ལྕགས་རོར་གཏོང་རྒྱུ།
གོང་གི་ནང་གསེས་ནང་འཁོད་པའི་རྒྱ་ལམ་ཐོག་འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ཁ་ལོ་བར་དངུལ་ཆད་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་ཉིས་བརྒྱ་མན་འགེལ་རྒྱུ་མ་ཟད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་རྒྱུ།
མཁོ་མེད་ལྕགས་རོར་གཏོང་རྒྱུའི་ཚད་ལ་སླེབས་པའི་འཕྲུལ་སྒུལ་འཁོར་རིགས་ཚོང་གཉེར་བྱས་ཚེ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ཕྱིར་ཚོང་བྱས་པའི་རིན་གོང་དང་གཅིག་མཚུངས་ལྟར་དངུལ་ཆད་འགེལ་རྒྱུ་མ་ཟད། འཕྲུལ་སྒུལ་འཁོར་རིགས་དེ་དག་དོན་ཚན་འདིའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་དོན་དྲུག་པ། ཁུག་ཆ་དང་། གྱེན་ཐུར་གཟར་པོ། གཡང་རོང་། རི་རུད། གངས་འཁྱགས་སོགས་ཉེན་ཆེའི་ལམ་མཚམས་དང་། སློབ་གྲྭ གྲོང་སྡེ། ལམ་མདོ་ཁ་སོགས་ཀྱི་བར་ཐག་རྨིད་ལྔ་བཅུ་ཕན་ཆད་དུ་གོ་ཆོད་ཀྱི་བདེ་འཇགས་སྒྲིག་ཆས་དང་ཉེན་ཟོན་མཚོན་རྟགས་དུས་ཐོག་ཏུ་མ་བཙུགས་པའི་རྐྱེན་གྱིས་འགྲོ་འོང་བྱེད་མཁན་མི་དང་། འཁོར་རིགས། དེ་བཞིན་རྒྱུ་ནོར་བཅས་ལ་གྱོང་གུན་བཟོས་ཚེ་འབྲེལ་ཡོད་འགན་འཁུར་ཚན་པས་ངེས་པར་དུ་གུན་གསབ་སྤྲོད་འགན་འཁུར་དགོས།
དོན་ཚན་དོན་བདུན་པ། ཆོག་མཆན་མ་ཐོབ་པར་རྒྱ་ལམ་འདྲུ་བ་དང་། རྒྱ་ལམ་བཟུང་སྤྱོད་ཀྱིས་ཨར་སྐྲུན་བྱེད་པའམ་ཡང་ན་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་རིགས་གཞན་དག་ཡོད་ཚེ། རྒྱ་ལམ་གཙོ་འགན་སྡེ་ཚན་གྱིས་དེའི་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དུ་འཇུག་དགོས་པ་མ་ཟད། དེ་སྔ་བཞིན་སླར་གསོ་བྱེད་དུ་འཇུག་དགོས་པ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་མི་དང་། འཁོར་རིགས། དེ་བཞིན་རྒྱུ་ནོར་བཅས་ལ་གྱོང་གུན་བཟོས་ཚེ་ཁྲིམས་བཞིན་གུན་གསབ་སྤྲོད་འགན་འཁུར་དགོས།
གོང་གསལ་ནང་གསེས་ནང་འཁོད་པའི་བྱེད་སྤྱོད་ཡོད་པ་དང་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གནོད་སྐྱོན་གཏོང་མཁན་རིགས་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་སྟེ་གང་མགྱོགས་འགྲིམ་འགྲུལ་སླར་གསོ་ཐུབ་པ་བྱེད་དགོས།
དོན་ཚན་དོན་བརྒྱད་པ། རྒྱ་ལམ་གཡས་གཡོན་དང་བར་བཅད་ཁུལ་དུ་ལྕང་མ་དང་སྐྱེ་དངོས་གཞན་དག་འཛུགས་པའམ་ཡང་ན་བརྡ་ཁྱབ་སྒྲོམ་སྟེགས་འཛུགས་པ་དང་། མདོང་ལམ་དང་སྐུད་ལམ་འཁྲིད་པ་སོགས་བྱས་རྐྱེན་ལམ་སྒྲོན་དང་། འགྲིམ་འགྲུལ་བརྡ་རྟགས། འགྲིམ་འགྲུལ་མཚོན་རྟགས་བཅས་འགེབས་སྒྲིབ་ཀྱིས་བདེ་འཇགས་ཉེན་ཟོན་མཐོང་བདེ་པོ་མེད་པ་བཟོས་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འགོག་རྐྱེན་སེལ་དགོས་པའི་བཀའ་གཏོང་དགོས། བཀའ་བཞིན་ལག་བསྟར་མི་བྱེད་མཁན་ལ་དངུལ་ཆད་སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་ཉིས་བརྒྱ་མན་འགེལ་རྒྱུ་མ་ཟད། འགོག་རྐྱེན་དེ་རིགས་བཙན་ཐབས་ཀྱིས་སེལ་དུ་འཇུག་རྒྱུ་དང་དེའི་འགྲོ་གྲོན་རྣམས་བྱེད་སྤྱོད་སྤེལ་མཁན་རང་ཉིད་ནས་གཏོང་འགན་འཁུར་དགོས།
དོན་ཚན་དོན་དགུ་པ། འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་སོ་དགུ་པའི་གཏན་འབེབས་ལས་འགལ་ཚེ་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་ཉི་བཤུ་ཡན་ནས་སྒོར་བརྒྱ་དང་ཉི་བཤུ་མན་འགེལ་རྒྱུ།
དོན་ཚན་བརྒྱད་ཅུ་པ། འདྲུད་འཐེན་འཕྲུལ་འཁོར་གཏོང་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་ཞེ་གཅིག་པའི་གཏན་འབེབས་ལས་འགལ་ཚེ་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་ལྔ་བཅུ་ཡན་ནས་སྒོར་བརྒྱ་མན་འགེལ་རྒྱུ།
དོན་ཚན་གྱ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་གཉིས་པ་དང་ཞེ་གསུམ་པའི་འཕྲུལ་སྒུལ་འཁོར་རིགས་འཇོག་སྟངས་སྐོར་གྱི་གཏན་འབེབས་ལས་འགལ་མཁན་ལ་འགྲིམ་འགྲུལ་ཉེན་རྟོག་པས་དེའི་ཁྲིམས་འགལ་གྱི་བྱེད་སྤྱོད་གང་ཡིན་ཐེར་འདོན་བྱེད་ཆོག་པ་མ་ཟད། ངག་ཐོག་ནས་ཐ་ཚིག་སྒྲོག་དགོས་ཁར་ལམ་སེང་དེ་ནས་ཁ་བྲལ་དགོས་པའི་བཀའ་བཏང་ཆོག
འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་ས་ཡུལ་དེ་གར་མེད་པའམ་ཡང་ན་ས་ཡུལ་དེ་གར་ཡོད་བཞིན་དུ་འཁོར་རིགས་དེ་ནས་ཁ་མ་བྲལ་བའི་རྐྱེན་གྱིས་འཁོར་རིགས་གཞན་དག་དང་མི་འགྲོ་འོང་བྱེད་མི་ཐུབ་པ་བཟོས་ཚེ་དངུལ་ཆད་སྒོར་ཉི་བཤུ་ཡན་ནས་སྒོར་བརྒྱ་དང་ཉི་བཤུ་མན་འགེལ་རྒྱུ་མ་ཟད། འཕྲུལ་སྒུལ་འཁོར་རིགས་དེ་དག་འགྲིམ་འགྲུལ་ལ་མི་གནོད་པའི་ས་ཆར་སྐྱེལ་བའམ་ཡང་ན་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དམིགས་འཛུགས་བྱས་པའི་ས་ཆར་འཇོག་དགོས།
དོན་ཚན་གྱ་གཉིས་པ། གྲོང་ཁྱེར་གྱི་འགྲུལ་སྐྱེལ་འཁོར་རིགས་ཀྱི་ཁ་ལོ་བས་འགྲུལ་པ་བླུགས་སྐབས་སྲོལ་ཡིག་འདིའི་དོན་ཚན་ཞེ་གསུམ་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་ཚེ་དངུལ་ཆད་སྒོར་ལྔ་བཅུ་ཡན་ནས་སྒོར་ཉིས་བརྒྱ་མན་འགེལ་རྒྱུ།
འབབ་ཚུགས་མེད་སར་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ནས་འགྲུལ་པ་འཛུལ་དོན་བྱེད་དུ་བཅུག་ཚེ་དངུལ་ཆད་སྒོར་བརྒྱ་ཡན་ནས་སྒོར་ཉིས་བརྒྱ་མན་འགེལ་རྒྱུ།
དོན་ཚན་གྱ་གསུམ་པ། ཕྱུགས་ཤུགས་ཐེར་གེ་གཏོང་མཁན་ལ་གཤམ་གྱི་བྱེད་སྤྱོད་རིགས་གཅིག་ཡོད་ཚེ་འགྲིམ་འགྲུལ་ཉེན་རྟོག་པས་ངེས་པར་དུ་ཐ་ཚིག་སྒྲོག་དགོས་པའམ་ཡང་ན་དངུལ་ཆད་སྒོར་ལྔ་ཡན་ནས་སྒོར་སུམ་ཅུ་མན་འགེལ་དགོས་པ་སྟེ།
(གཅིག) འདུལ་སྦྱོང་མ་བྱས་པའི་ཕྱུགས་ཤུགས་ཐེར་གེ་གཏོང་བ་དང་།
(གཉིས) རྒྱ་ལམ་གྲོལ་སྐབས་ཐེར་གེ་ནས་མ་འབབ་པར་ཕྱུགས་ཤུགས་ཐེར་གེ་འཐེན་འཁྲིད་བྱེད་པ།
(གསུམ) ཕྱུགས་ཤུགས་ཐེར་གེ་ནས་ཁ་བྲལ་སྐབས་ཕྱུགས་ཟོག་མི་འདོགས་པ།
(བཞི) ཕྱུགས་ཤུགས་ཐེར་གེ་གཉིས་མཉམ་གཤིབ་ཏུ་གཏོང་བ་བཅས་སོ།
དོན་ཚན་གྱ་བཞི་པ། འཁོར་རིགས་ནང་སྡོད་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་ཞེ་བརྒྱད་པའི་གཏན་འབེབས་ལས་འགལ་ཚེ་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་སྒོར་ལྔ་ཡན་ནས་སྒོར་སུམ་ཅུ་མན་འགེལ་རྒྱུ།
དོན་ཚན་གྱ་ལྔ་པ། སྨན་བཅོས་ཚན་པས་གཞན་ལ་ཁ་གཡར་ནས་འགྲིམ་འགྲུལ་ལས་འཛོལ་ནང་རྨས་སྐྱོན་ཤོར་མི་སྨན་ཁང་དུ་མི་ཉར་བའམ་ཡང་ན་མྱུར་སྐྱོབ་ཀྱི་འགྲོ་གྲོན་སྐབས་ཐོག་ཏུ་སྤྲོད་མ་ཐུབ་པའི་རྐྱེན་གྱིས་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་འཕྲོད་བསྟེན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་དྲུག་པ། འགྲིམ་འགྲུལ་ལས་འཛོལ་ཚབས་ཆེ་བཟོས་ནས་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་རྒྱུ།
འགྲིམ་འགྲུལ་ལས་འཛོལ་བཟོས་ནས་བྲོས་བྱོལ་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་དགོས་པ་མ་ཟད། ཚེ་གང་རིང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་བསྐྱར་དུ་ལེན་མི་ཆོག
དོན་ཚན་གྱ་བདུན་པ། ཆེད་ལས་སྐྱེལ་འདྲེན་ཚན་པར་རྒྱ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ནས་ཐེངས་གཅིག་རང་ལ་མི་གསུམ་ཡན་ཤི་བ་མ་ཟད། ལས་འཛོལ་གྱི་འགན་འཁྲི་ཆ་ཚང་ངམ་ཡང་ན་འགན་གཙོ་བོ་འཁུར་དགོས་མཁན་ལ་ཆེད་ལས་སྐྱེལ་འདྲེན་ཚན་པ་གནས་སའི་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་གོང་རིམ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་བདེ་འཇགས་བྱུར་ཉེས་ཡོང་གཞི་མེད་པ་བཟོ་དགོས་པའི་བཀའ་གཏོང་དགོས་པ་དང་། བདེ་འཇགས་ཀྱི་བྱུར་ཉེས་ཐོན་བཟོ་ཡོད་པའི་འཕྲུལ་སྒུལ་འཁོར་རིགས་རྒྱ་ལམ་ཐོག་འགྲོ་སྐྱོད་བྱེད་དུ་མི་འཇུག་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་གནས་ཚུལ་དེའི་སྐོར་བརྡ་ཁྱབ་གཏོང་དགོས།
དོན་ཚན་གྱ་བརྒྱད་པ། ལས་འགན་སྒྲུབ་མཁན་འགྲིམ་འགྲུལ་ཉེན་རྟོག་པས་ངེས་པར་དུ་རྒྱ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བསྡུ་ཉར་རམ་ཡང་ན་མེད་པར་བཟོ་བའི་ཆད་པ་གཅོད་དགོས་ཚེ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་བསྡུ་ཉར་བྱེད་ཆོག་པ་མ་ཟད། ཆུ་ཚོད་ཉེར་བཞི་ཡི་རིང་གྱོད་གཞི་དེ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་ཐག་གཅོད་བྱ་རྒྱུར་སྐྱེལ་དགོས།
རྒྱ་ལམ་འགྲིམ་འགྲུལ་གྱི་ཁྲིམས་ལས་འགལ་ཚེ། ངེས་པར་དུ་ཉིན་བཅོ་ལྔ་ནང་ཚུན་དུ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཐག་གཅོད་དང་ལེན་ཞུ་བར་འགྲོ་དགོས། རྒྱུ་མཚན་གང་ཡང་མེད་པར་དང་ལེན་མ་བྱས་ཚེ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོ་རྒྱུ།
སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་བསྡུ་ཉར་རམ་ཡང་ན་མེད་པ་བཟོ་སྐབས་ངེས་པར་དུ་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་འཛིན་ཡིག་འབྲི་དགོས།
དོན་ཚན་གྱ་དགུ་པ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་བཀག་ཉར་བྱས་པར་ངེས་པར་དུ་ས་ཡུལ་དེ་རང་ནས་ལམ་སེང་འཛིན་ཡིག་སྤྲོད་དགོས་པ་མ་ཟད། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་དོ་བདག་ལ་དུས་བཅད་བཟོས་ཏེ་ཐག་གཅོད་བྱས་འབྲས་དང་ལེན་བྱེད་པར་ཡོང་དགོས་པའི་བརྡ་གཏོང་དགོས།
བཀག་ཉར་བྱས་པའི་འཁོར་རིགས་ལ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་ཉར་ཚགས་ཡག་པོ་བྱེད་དགོས་པ་ལས་བེད་སྤྱོད་གཏོང་མི་ཆོག
དུས་བཅད་ཡོལ་རུང་ཐག་གཅོད་བྱས་འབྲས་དང་ལེན་མི་ཞུ་བའི་ཁར། སྤྱི་བསྒྲགས་བཏང་ནས་ཟླ་གསུམ་ཡོལ་ཡང་སྔར་བཞིན་དང་ལེན་མ་ཞུས་ཚེ་བཀག་ཉར་བྱས་པའི་འཁོར་རིགས་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུ།
དོན་ཚན་དགུ་བཅུ་པ། འགྲིམ་འགྲུལ་ཉེན་རྟོག་པར་གཤམ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་ཚེ་ཁྲིམས་བཞིན་སྲིད་འཛིན་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཁྲིམས་བཅད་ཀྱི་ཆ་རྐྱེན་དང་མ་མཐུན་པའི་འཕྲུལ་སྒུལ་འཁོར་རིགས་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་དང་། ཨང་རྟགས། འགྲོ་སྐྱོད་ལག་ཁྱེར། ཞིབ་བཤེར་ཚད་ལོན་གྱི་མཚོན་རྟགས་བཅས་སྤྲད་རིགས་དང་།
(གཉིས)ཁྲིམས་བཅད་ཀྱི་ཆ་རྐྱེན་དང་མ་མཐུན་པའི་འཕྲུལ་སྒུལ་འཁོར་རིགས་ལ་ཉེན་རྟོག་པའི་མོ་ཊ་དང་། མེ་གསོད་མོ་ཊ། མྱུར་སྐྱོབ་མོ་ཊ། ལས་གྲྭའི་ཉེན་སྐྱོབ་མོ་ཊ་བཅས་ཀྱི་ཉེན་བརྡ་གཏོང་ཆས་དང་མཚོན་རྟགས་གློག་སྒྲོན་བསྒར་སྤྱོད་དང་མཚོན་རྟགས་རི་མོ་གཏོར་བྱུག་བྱེད་པར་ཆོག་མཆན་སྤྲད་རིགས།
(གསུམ)འཁོར་རིགས་གཏོང་བའི་ཆ་རྐྱེན་ཚང་མེད་པ་དང་། ཡིག་རྒྱུགས་སྤྲད་མེད་པའམ་ཡང་ན་ཡིག་རྒྱུགས་མ་ལོན་མཁན་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་སྤྲད་རིགས།
(བཞི)དངུལ་ཆད་འགེལ་ཡིག་དང་དངུལ་ཆད་བསྡུ་ལེན་གཉིས་ལོགས་སུ་དབྱེ་རྒྱུའི་ལམ་ལུགས་ལག་བསྟར་མི་བྱེད་པའམ་ཡང་ན་ཁྲིམས་བཞིན་བསྡུ་ལེན་བྱས་པའི་འགྲོ་གྲོན་དང་། དངུལ་ཆད། དེ་བཞིན་གཞུང་བཞེས་བཏང་བའི་ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཏན་འབེབས་བཞིན་རྒྱལ་མཛོད་དུ་གོང་འབུལ་མ་བྱས་པའི་རིགས།
(མུ་འགོད)

