国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年09月12日

2023ལོའི་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས་9ཉིན་2023ལོའི་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཞིང་།ཁོང་གིས་སློབ་གསོ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་གཏོང་བ་དང་། སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆུ་ཚད་སྒོ་ཀུན་ནས་མཐོར་འདེགས་གཏོང་བའི་ཐད་འགན་འཁྲི་གསར་པ་མངོན་པ་དང་བྱས་རྗེས་གསར་པ་བཞག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཤེས་ལྡན་པའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ལིས་གོ་ཅན་གྱིས་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་རྐང་འཛིན་དགེ་རྒན་དང་། སློབ་ཁྲིད་མཁས་པ། རིག་ཚན་སྣེ་ཁྲིད་པ་བཅས་ཀྱི་མཚན་ཐོ་སྒྲོག་སྦྱངས་བྱས་ཡོད།གྲོང་ཁྱེར་འགོ་ཁྲིད་ལིས་པིང་དང་། ཅཱ་ཤིན་ཡུས། ཀྲའོ་ཅན་གོ ཝེ་ཆང་། ཡང་དབྱིན་བཅས་ཚོགས་འདུར་ཞུགས་ཡོད།

ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པའི་འགོ་ཁྲིད་ཀྱིས་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་དང་། གྲོང་ཁྱེར་དམངས་འཐུས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་དགེ་རྒན་ལས་བཟོ་པར་དུས་ཆེན་གྱི་འཚམས་འདྲི་དང་།སློབ་གསོའི་ལས་གནས་ཐོག་གི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་དང་ལྷག་པར་དུ་བོད་སྐྱོར་དགེ་རྒན་དང་གཞི་རིམ་གྱི་དགེ་རྒན་རྣམ་པར་ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་རྟེན་འབྲེལ། དུས་ཡུན་རིང་པོའི་ཚུན་དུ་ཆབ་མདོའི་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཀུང་ཧུའེ་ཚའེ་ཡིས་ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དམིགས་ཚད་དུ་བྱས་ནས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་གཞི་ཚུགས་ཏེ་མ་དངུལ་ཤུགས་ཆེན་བཏང་ནས་སློབ་གསོའི་མཁྲེགས་ཆས་སྐྲུན་པ་དང་། ལེགས་ཆར་བརྟེན་ནས་སློབ་གསོའི་ཐོན་ཁུངས་འགན་ལེན་བྱེད་པ། སྒྱུར་བཅོས་ལ་བརྟེན་ནས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་གཅིག་ནས་རྩ་གསོ་བློ་སྦྱོང་ཐད་དཔེ་ཁྲིད་མི་སྐྱོང་གི་འགན་འཁྲི་ལག་བསྟར་བྱེད་དགོས། གཉིས་ནས་ཞན་ཆ་ཁ་གསབ་ཐད་སྤུས་ལེགས་དོ་མཉམ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་སྒྱུར་བཅོས་གསར་གཏོད་ཁྲོད་སློབ་གསོ་འཕེལ་རྒྱས་གཏོང་བའི་གསོན་ཤུགས་སློང་དགོས། བཞི་ནས་དོ་དམ་ནན་པོ་དང་གཅེས་སྐྱོང་ཁྲོད་ཉམས་སད་ཐེག་ཐུབ་པའི་དགེ་རྒན་དཔུང་ཁག་བསྐྲུན་དགོས། ལྔ་ནས་དམ་འཛིན་ལྷོད་མེད་བྱེད་པའི་ཁྲོད་སློབ་གྲྭའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས། དྲུག་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཁྲོད་སློབ་གསོའི་ལས་དོན་གྱི་མཉམ་ཤུགས་གཅིག་ཏུ་འགྲིལ་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་སོགས་སྔོན་ཐོན་མཉམ་སྡེབ་30དང་ལེའང་ཡོན་ཧུའེ་སོགས་སྔོན་ཐོན་མི་སྒེར་50ལ་གཟེངས་བསྟོད་བྱས་པ་རེད། སྔོན་ཐོན་མཉམ་སྡེབ་ཀྱི་འཐུས་མི་ལྷོ་རོང་རྫོང་རྔུལ་ཤོད་ཤང་སློབ་ཆུང་དང་པོའི་སློབ་སྤྱི་བློ་བཟང་དར་རྒྱས་དང་། སྔོན་ཐོན་མི་སྒེར་གྱི་འཐུས་མི་དཔལ་འབར་རྫོང་སྤྱི་གླིང་ཤང་སློབ་ཆུང་གི་དགེ་རྒན་ཕུན་ཚོགས་བཀྲ་ཤིས། རྐང་འཛིན་དགེ་རྒན་གྱི་འཐུས་མི་ཆབ་མདོའི་དམངས་ཕན་འཛིན་གྲྭའི་དགེ་རྒན་པིན་ཅུན་ཅེས། སྔོན་ཐོན་མི་སྒེར་གྱི་འཐུས་མི་ཁྲུང་ཆིང་གྲོང་ཁྱེར་ཁག་གསུམ་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་ཧོ་ཀུན་ཁེ་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།