འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9ཚེས11ཉིན། ཆབ་མདོ་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་རྒྱལ་ཁབ་འདུ་ཤེས་དང་སྤྱི་དམངས་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས་བཅས་བརྟན་པོར་འཛུགས་རྒྱུའི་སྐོར་གྱི་གཏམ་བཤད་འགྲན་བསྡུར་དེ་གྲོང་ཁྱེར་དཔེ་མཛོད་ཁང་གི་སྙན་ཞུའི་ཁང་དུ་སྤེལ་བ་རེད།
གཏམ་བཤད་འགྲན་བསྡུར་སྐབས་སུ་རྫོང་ཆུས་11དང་ཁོངས་གཏོགས་ཚན་པ་ཁག་ནས་ཡོང་བའི་འགྲན་ཞུགས་པ་19ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་སྐོར་གཞིར་བཟུང་། སློབ་སྦྱོང་དང་ལས་ཀའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བཅོས་མིན་གྱི་བརྩེ་སེམས་ཀུན་ནས་བསླངས་ཏེ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་རོགས་རེས་སྐོར་གྱི་གཏམ་རྒྱུད་ཚིག་གི་ཕྲེང་བར་སྤེལ་ནས་མི་རིགས་རྣམས་དབུགས་མཉམ་གཏོང་དང་ལས་དབང་གཅིག་པ། སེམས་པ་གཅིག་མཐུན་དུ་གནས་པའི་མཛའ་བརྩེ་ཟབ་མོ་མཚོན་པར་བྱས་ཤིང་འགྲན་ཞུགས་པ་རྣམས་ལ་ལྟད་མོ་བ་ཀུན་གྱིས་དགའ་བསུ་ཚད་མེད་ཐོབ་ཡོད། དེ་ཡང་ཆུ་ཚོད་གཉིས་ལྷག་ལ་རྣོ་ངར་ལྡན་པའི་འགྲན་བསྡུར་བརྒྱུད་མཇུག་ཏུ་སྐར་ཐར་གཡང་འཛོམས་དང་བསྟན་འཕེལ་གཉིས་ཀྱིས་གནང་བའི་ལང་ཚོའི་སྟོབས་ཤུགས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སྲོག་ཤིང་གོང་དུ་བཏེགས་ཞེས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པར་བྱེད་ཅེས་པར་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་རེད།
ད་རེས་ཀྱི་འགྲན་བསྡུར་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམས་རྒྱལ་ཁབ་ལ་དགའ་ཞེན་ཆེ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་ཐད་ལ་གོ་བ་ཟབ་མོ་ལོན་པར་མཚོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་མོས་སེམས་དང་སྤོབས་པ་སྔར་བས་ཆེར་སྐྱེད་བྱུང་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད།