འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་6ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་ལྷ་ས་གྲོང་ཁྱེར་ཅིན་ཡུན་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བློ་བཟང་ཚེ་བརྟན་ལ་མཇལ་མོལ་གནང་ནས་ཕྱོགས་གཉིས་པོས་ཚོང་དོན་ཟོག་འགྲེམས་དང་གྲངས་འཛིན་དཔལ་འབྱོར་མཉམ་ལས་གོང་འཕེལ་ཐད་བགྲོ་གླེང་བྱས་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ལུའི་གོ་ཅན་ཚོགས་འདུར་ཞུགས་ཡོད།
ལའོ་ཆིན་འུའུ་ཡིས་ཆབ་མདོར་ཐོན་ཁུངས་ལེགས་ཆ་ལྡན་པ་དང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། གོང་འཕེལ་གྱི་རྒྱུ་རྐྱེན་ཆ་ཚང་བ། རྗེས་ཐོན་གྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ་བཅས་ཡོད། མིག་སྔར་ཁྲོན་བོད་ལྕགས་ལམ་གྱི་དཔལ་འབྱོར་ཁུལ་མགྱོགས་མྱུར་བཀོད་སྒྲིག་འཛུགས་སྐྲུན་བྱེད་པ་དང་། དྭངས་གཙང་ནུས་རྒྱུ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཐོན་ལས་དཔལ་འབྱོར་ལ་རོགས་སྐྱོར་དང་སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་སྔར་བྱུང་མྱོང་མེད་པའི་གོང་འཕེལ་གྱི་གོ་སྐབས་དང་ཕན་ཡོད་ཀྱི་ཆ་རྐྱེན་འཕྲད་ཡོད། ལྷ་ས་ཅིན་ཡུན་གློག་རྡུལ་ཚན་རྩལ་ཚད་ཡོད་ཀུང་སིས་ཆབ་མདོ་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་བཀོད་པར་དམ་པོར་དམིགས་ཏེ་དྲ་ཐོག་ཚོང་དོན་ཐོན་ལས་གོང་འཕེལ་གྱི་དགོས་མཁོར་དམིགས་ནས་ཆབ་མདོའི་ས་བབ་ལེགས་ཆ་དང་། སི་ཁྲོན་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ། སེམས་ཀྱི་ཉི་ཟླ་དཔལ་འབྱོར་ཁུལ་བཅས་ཀྱི་ལེགས་ཆར་བརྟེན་ནས་དྲ་ཐོག་ཚོང་དོན་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཟོག་འགྲེམས་ཚོང་གཉེར་གྱི་ལས་སྟེགས་སྔར་བས་ཡག་པ་བཟོ་བ། འཚོལ་ཞིབ་དང་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ས་གནས་ཀྱི་དྲ་ཐོག་ཚོང་དོན་དཔལ་འབྱོར་གོང་འཕེལ་ལ་སྔར་ལྷག་གིས་ཞུགས་པ། ཕྱོགས་བསྡུས་ཚོང་ལས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་ཚོད་ཐུང་ཤོས་ནང་ཚོང་དོན་ཟོག་འགྲེམས་མཁོ་སྤྲོད་དང་བྲིན་ཚོང་གི་མ་གནས་ཆུང་ཤོས་ལ་བརྟེན་ནས་ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ་བྱེད་ནས་ཆབ་མདོའི་གློག་རྡུལ་ཚོང་དོན་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཏོན་ཡོད།
བློ་བཟང་ཚེ་རིང་གིས་ལྷ་སའི་ཅིང་ཡུན་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སིའི་གོང་འཕེལ་གྱི་མདུན་ལམ་དང་གློག་རྡུལ་ཚོང་དོན་དང་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་འཛུགས་སྐྲུན་སོགས་ཀྱི་ལས་སྒོ་ངོ་སྤྲོད་གནང་བ་དང་། ཆབ་མདོ་ཡིས་ད་བར་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མུ་མཐུད་ཁེ་ལས་ཀྱི་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་ནས་ཆབ་མདོའི་ཁྱོན་ཡོངས་དང་གཏིང་ཟབ་པའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། དྲ་ཐོག་ཚོང་དོན་སྟེགས་བུ་སྐྲུན་མགྱོགས་སུ་གཏོང་བ། ས་གནས་ཀྱི་ཟོག་འགྲེམས་མཁོ་སྤྲོད་དང་ཞིང་ཞོར་ཐོན་རྫས་གཉེར་སྐྱོང་སོགས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་ཆབ་མདོའི་ཟོག་འགྲེམས་ཚོང་དོན་དང་ས་ཁོངས་དཔལ་འབྱོར་གོང་འཕེལ་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།