འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོ། ངེད་གྲོང་ཁྱེར་གྱིས་ཧའེ་ནན་ཧྭ་ཧུང་ཁྲང་ཐུག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏུའུ་ཧྲུན་ཧྭ་དང་བཅས་པ་འབྲེལ་མཐུད་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་རང་བྱུང་སོལ་རླངས་བེད་སྤྱོད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྤེལ་ཚུལ་ལ་གསན་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད།
ལའོ་ཆིན་འུའུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་བརྟན་བཅས་ཀྱི“དོན་ཆེན་བཞི”ཡག་པོ་བསྒྲུབ་རྒྱུ་དེ་བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་གཏན་འཁེལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་རྒྱུར་དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱེད་པའི་སྤྱིའི་གཞི་འཛིན་ས་ཞིག་ཡིན་པ་བཏོན་ཡོད།
མིག་སྔར་ཆབ་མདོ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་དང་བོད་ཤར་གྱི་དྭངས་གཙང་ནུས་རྒྱུའི་གསར་སྤེལ་ཁུལ་གྱི་ངེས་གནས་གཏོད་རྒྱུར་གཞི་ཚུགས་ཏེ་དྭངས་གཙང་ནུས་རྒྱུའི་ཐོན་ལས་དང་། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་ལས་རིགས་བཅས་རྒྱ་སྟོབས་ཆེ་རུ་བཏང་ནས་ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཧུར་ཐག་བཏོད་ཡོད། ལའོ་ཆིན་འུའུ་ཡིས་ཆབ་མདོའི་རི་བོ་མཐོ་ལ་གྲོག་རོང་ཟབ་པ་དང་། ས་བབ་དམིགས་བསལ་ཡིན་པ། གྲོང་ཁྱེར་གཅིག་སྡུད་ཆེ་བ། མི་འབོར་འདུས་ཆེ་བས་རང་བྱུང་སོལ་རླངས་ནི་གྲོང་ཁྱེར་འཕེལ་རྒྱས་ཁྲོད་ཀྱི་དགོས་མཁོ་ཆེ་ཤོས་ཡིན་ལ། གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད་ཞེས་བསྟན།
ཏུའུ་ཧྲུན་ཧྭ་ཡིས་ཆབ་མདོ་ཡིས་ཧའེ་ནན་ཧྭ་ཧུང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཧའེ་ནན་ཧྭ་ཧུང་གིས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་རང་འགུལ་ངང་ཞུགས་ནས་མཉམ་ལས་ཀྱི་མཐུན་ཆ་དེ་བས་མང་བ་འཚོལ་བ་དང་། མཉམ་ལས་ཇུས་གཞི་སྔར་བས་ལེགས་སུ་གཏོང་བ། སྤེལ་རེས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཆབ་མདོ་འདི་ཉིད་ལྗོངས་ཡོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།

