འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་24ཉིན་ནས་ཚེས་25ཉིན་བར་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་འཇོ་མདའ་རྫོང་དང་། གོ་འཇོ་རྫོང་། རི་བོ་ཆེ་རྫོང་བཅས་ཀྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་དེ་ཇ་རྟ་ཐང་ཆེན་དུ་སྤེལ་བ་རེད། འཁྲབ་སྟོན་པ་ཚོས་སྙན་འཇེབས་ཀྱི་གླུ་གཞས་དང་དགའ་སྤྲོ་ཡི་ཞབས་བྲོ་ལ་བརྟེན་ནས་ཐུན་མོང་ཐོག་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པར་རྟེན་འབྲེལ་ཞུས་པ་དང་ངོ་མཚར་ཆེ་བའི་ལེ་ཚན་ལ་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད།
འཁྲབ་སྟོན་པ་ཚོས་གླུ་གཞས་ལེན་པ་དང་ཞབས་བྲོ་འཁྲབ་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བ་དང་། དགའ་བའི་འཛུམ་མདངས་དང་ལྷག་བསམ་རྣམ་དག་གི་ཐོག་ནས་ཆབ་མདོའི་མི་དམངས་མགྲོན་པོར་དུངས་པའི་མི་རིགས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།