འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས25ཉིན་གྱི་དགོང་མོ། ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པ་དེ་ཆབ་མདོའི་ཟློས་གར་ཁང་དུ་མཇུག་འགྲིལ་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་མཇུག་འགྲིལ་མཛད་སྒོ་ཕེབས་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་མཇུག་འགྲིལ་ཤིས་ཚིག་ཕུལ་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་གཙོ་སྐྱོང་ཞུས་ཡོད།
མཇུག་འགྲིལ་མཛད་སྒོ་སྔོན་དུ་ཀུང་ཧུའེ་ཚའེ་ཡིས་དམངས་ཁྲོད་ཟློས་གར《རྡུལ་འཚུབ་དྭངས་སོང》གི་འཁྲབ་སྟོན་པར་གཟིགས་ཡོད།
ལའོ་ཆིན་འུའུ་ཡིས་ཤིས་ཚིག་སྒྲོན་སྐབས། གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པས་བཀྲ་ཤིས་ལ་སྤྲོ་སེམས་འཕེལ་བ་དང་བབ་ཆགས་དངོས་སྒྲུབ་རྩ་དོན་དུ་བཟུང་རྒྱུ་མཐའ་འཁྱོངས་ཀྱིས་ས་ཁོངས་ཁག་གི་མི་རིགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་བྱས་ཏེ་གྲ་སྒྲིག་ལས་དོན་གོ་རིམ་ལྡན་པ་དང་། འཁྲབ་སྟོན་སྣ་ཚོགས་ངོ་མཚར་ཆེ་བ། ཚོང་དོན་འོས་སྦྱོར་ཕན་འབྲས་མངོན་གསལ་དོད་པ་བཅས་ཀྱི་ཐོག་ནས་ཉེ་བའི་ལོ་ཤས་རིང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་བཅས་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད། སྒྱུ་རྩལ་དུས་ཆེན་རིང་ཆབ་མདོས་རིག་རྩལ་འཁྲབ་སྟོན་དང་། ཚོང་དོན་འོས་སྦྱོར། ཁྱད་ལྡན་ཞིམ་ཟས། འགྲེམས་སྟོན་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཞིང་། ཁྱོན་རྣམ་གྲངས་7ལ་གན་རྒྱ་བཞག་པ་དེ་མ་དངུལ་སྒོར་དུང་ཕྱུར་14.4ཟིན་པ་དང་། ཞིང་འབྲོག་གི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་1700ལྷག་ཙམ་ཟིན་ཡོད། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་10ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་7770ལྷག་ཙམ་བྱུང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། བྱེད་སྒོ་དེ་དག་གིས་ས་ཁོངས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས་ཆབ་མདོར་འོས་སྦྱོར་དང་། རིག་གནས་དར་སྤེལ། གཟུགས་བརྙན་སྟོན་པ། མི་སེམས་ལ་སྐུལ་མ་ཐེབས་པ། གསོན་ཤུགས་འཕེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད་ཞེས་བསྟན།