国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月15日

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》

(ཚགས་པར་གོང་མར་མཐུད)121.གསོ་སྦྱོང་སྒྲིག་གཞིའམ་ཡང་ན་ལུས་སྦྱོང་ཁང་གི་སློབ་ཁྲིད་ཉོས་རྗེས་གསོ་སྦྱོང་སྒྲིག་གཞི་ཡང་ན་ལུས་སྦྱོང་ཁང་གི་སྒོ་བརྒྱབ་པའམ་ཡང་ན་ཚོང་པ་བྲོས་སོང་ཚེ། འཛད་སྤྱོད་པས་རང་གི་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོབ་་བྱེད་དགོས།

《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་གསལ་པོ་བྱས་ཡོད་ལ། གལ་ཏེ་ཁ་ཆད་སྲུང་མཁན་ཕྱོགས་ཀྱིས་ཐད་ཀར་ཞུ་གཏུག་དང་ཡང་ན་འདུམ་གཅོད་བྱེད་སྟངས་ལ་བསྟེན་ནས་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་བཏོན་པ་དང་། ཁྲིམས་ཁང་གིས་གྱོད་དོན་གྱི་གནས་ཚུལ་ལ་གཞིགས་ནས་ཞིབ་བཤེར་གན་རྒྱ་གྲོལ་བའི་གནས་ཚུལ་དང་མཐུན་པར་འདོད་ན། ཁྲིམས་ཁང་གིས་ཐད་ཀར་དུ་གན་རྒྱ་ཕྱིར་འཐེན་རྒྱུའི་གཏན་འབེབས་བྱས་ཆོག་ལ། གཉེར་སྐྱོང་བྱེད་མཁན་གྱིས་ཁ་ཆད་དང་འགལ་བས་འཛད་སྤྱོད་པས་གན་རྒྱ་ཕྱིར་འཐེན་དགོས་པའི་གནས་ཚུལ་ཡིན་ཚེ། འཛད་སྤྱོད་པས་སྔོན་ལ་གཉེར་སྐྱོང་བྱེད་མཁན་ལ་བརྡ་གཏོང་མི་དགོས་པའི་གནས་ཚུལ་འོག་ཐད་ཀར་ཞུ་གཏུག་རྣམ་པའི་སྒོ་ནས་གན་རྒྱ་གྲོལ་རྒྱུའི་རེ་བ་བཏོན་ཆོག གྱོད་དོན་འདི་དག་ཁྲིམས་ཁང་དུ་ཞུས་རྗེས་གལ་ཏེ་དངུལ་གྲངས་ཆེན་པོ་མིན་ན། རྒྱུན་དུ་གྲངས་ཉུང་མྱུར་གཅོད་གོ་རིམ་བརྒྱུད་ཞིབ་གཅོད་བྱས་ན་འཛད་སྤྱོད་པའི་ཁེ་དབང་སྔར་ལས་མགྱོགས་ཤིང་ལེགས་པའི་སྒོ་ནས་སྲུང་ཐུབ།

122.མི་སྣ་གྲགས་ཅན་གྱི་འདྲ་པར་སྤྱད་ན་དབང་ཆ་ལ་བཙན་གནོད་བྱས་པ་ཡིན་ནམ།

【གྱོད་དཔེ།】ཧུའུ་ག་གེ་མོས་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་ཞིག་ཏུ་རྩིས་ཐོའི་ཨང་གྲངས་ཕྱེས་ནས་མིང་ཅུང་ཙམ་གྲགས་ཡོད་པས། ཀུང་སི་ཞིག་གིས་ཧུའུ་ག་གེ་མོར་ཀུང་སི་དེའི་ཐོན་རྫས་ཀྱི་མཉེན་ཆ་ངོ་སྤྲོད་བྱེད་པའི་མངགས་བཅོལ་བྱས། ཧུའུ་ག་གེ་མོས་རྩོམ་སྒྲིག་བྱས་རྗེས་རྩོམ་དེ་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་སྟེང་བསྒྲགས་པར་མ་ཟད། མི་སྣ་གྲགས་ཅན་ཞིག་གི་འདྲ་པར་སྤྱད་པ་རེད།

【དབྱེ་ཞིབ།】《དམངས་དོན་ཁྲིམས་གཞུང》ལྟར་ན། རང་བྱུང་མི་ལ་འདྲ་པར་གྱི་བདག་དབང་ཡོད་པས། འདྲ་པར་བདག་དབང་འཛིན་མཁན་འཐད་པ་བྱུང་ཞིང་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར་མ་གཏོགས། འདྲ་པར་བདག་དབང་ཡོད་པའི་མི་ཡི་འདྲ་པར་སྒྲིག་བཟོ་དང་བེད་སྤྱོད་བྱས་མི་ཆོག་ལ། ཧུའུ་ཆེ་གེ་མོས་འདྲ་པར་བདག་དབང་གི་ཆོག་མཆན་མ་ཐོབ་པར་རང་དགར་ཁེ་དབང་འཛིན་མཁན་གྱི་འདྲ་པར་དེ་རྩོམ་ཡིག་དང་སྒྲིག་སྦྱོར་གྱིས་རང་ཉིད་ཀྱི་སྤྱི་ཚོགས་འབྲེལ་བའི་སྟེགས་བུའི་སྟེང་ཁྱབ་བསྒྲགས་བྱས་པ་དང་། དེའི་དམིགས་ཡུལ་ནི་མི་སྣ་གྲགས་ཅན་གྱི་འདྲ་པར་སྤྱད་དེ་སྤྱི་དམངས་ཀྱི་ཡིད་དབང་བཀུགས་ནས་རྩོམ་གྱི་ཚོང་གཉེར་ཕན་འབྲས་ཆེ་རུ་གཏོང་ཆེད་ཡིན་པས། བྱ་སྤྱོད་དེས་མི་གཞན་གྱི་འདྲ་པར་གྱི་བདག་དབང་ལ་བཙན་གནོད་བྱས་པ་རེད།

123.བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་ཁྲོད་བྱ་སྒྲོའི་སྤོ་ལོ་ཡིས་མིག་ལ་རྨས་སྐྱོན་བཟོས་ན། སྐྱིན་ཚབ་སྤྲོད་རྒྱུའི་དབང་ཆ་ཡོད་དམ།

【གྱོད་དཔེ】བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་ཁྲོད། ལིན་ག་གེ་མོ་ལ་ལུའུ་ག་གེ་མོས་བྱ་སྒྲོའི་སྤོ་ལོ་ཡིས་མིག་གཡས་པར་བརྒྱབ་ཏེ་མིག་གི་དབང་རྩ་འཁུམ་པར་བྱས་པ་དང་། ལིན་ག་གེ་མོས་ལུས་ཕུང་གི་དབང་པོར་གནོད་པ་བཟོས་པར་རྒྱུ་མཚན་དུ་བཟུང་ནས་ལུའུ་ག་གེ་མོ་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་རེད། དེས་ན་ལུའུ་ག་གེ་མོས་སྐྱིན་ཚབ་འཇལ་པའི་འགན་འཁུར་དགོས་སམ།

【དབྱེ་ཞིབ】《དམངས་དོན་ཁྲིམས་གཞུང》དུ་གཏན་འབེབས་བྱས་པ་ལྟར་ན། རང་མོས་ཀྱིས་ཉེན་ཁ་ངེས་ཅན་ལྡན་པའི་རིག་གནས་དང་ལུས་རྩལ་བྱ་འགུལ་ནང་ཞུགས་ཏེ། ཞུགས་མཁན་མི་གཞན་གྱིས་བསམ་བཞིན་ཡང་ན་ལས་འཛོལ་ཚབས་ཆེན་ཤོར་བ་ཡིན་པ་མ་གཏོགས། མི་གཞན་གྱི་བྱ་སྤྱོད་ཀྱིས་གནོད་འཚེ་ཕོག་ཚེ། གནོད་འཚེ་ཕོག་མཁན་གྱིས་མི་གཞན་ལ་དབང་གནོད་ཁག་འགན་འཁུར་དུ་འཇུག་མི་རུང་། ལིན་ག་གེ་མོས་བྱ་སྒྲོའི་སྤོ་ལོ་ལུས་རྩལ་ལ་ཉེན་ཁ་ལྡན་པ་ཤེས་བཞིན་དུ་རང་མོས་ཀྱིས་དེའི་ནང་ཞུགས་པས། རང་ཉིད་ཉེན་ཁར་མི་འཛེམ་པའི་བྱ་སྤྱོད་ལ་གཏོགས་དགོས། དེ་བས་ལུའུ་ག་གེ་མོའི་བྱ་སྤྱོད་བསམ་བཞིན་དུའམ་ཡང་ན་ལས་འཛོལ་ཚབས་ཆེན་ནང་མི་གཏོགས་པས་སྐྱིན་ཚབ་འཇལ་མི་དགོས།

124.ཨ་ནེ་རྨིན་གྱི་བཟའ་ཟླ་སྔ་མོ་ནས་ཚེ་ལས་འདས་ཤིང་། མོའི་བུ་དང་བུ་མོ་རྣམས་ཕྱི་རྒྱལ་དུ་བསྡད་ཡོད་པས། ཨ་ནེ་རྨིན་གྱིས་མོ་ལ་ནད་ཕོག་པ་དང་ཡང་ན་ལྟ་སྐྱོང་བྱེད་མཁན་མེད་པར་སེམས་ཁུར་བྱེད་ཀྱིན་ཡོད། ཁོ་མོས་ཇི་ལྟར་བྱེད་དགོས་སམ།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སོ་གསུམ་པས་གཏན་འབེབས་ལྟར་ན། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་གྱི་དར་མ་རྣམས་ཀྱིས་དེའི་གཉེན་ཉེ་དང་། གཞན་ལྟ་སྐྱོང་བྱེད་འགན་འཁུར་འདོད་ཡོད་པའི་མི་སྒེར་རམ་ཡང་ན་རྩ་འཛུགས་དང་སྔོན་ལ་གྲོས་མོལ་བྱས་ཏེ། ཡིག་ཐོག་ནས་རང་ཉིད་ཀྱི་ལྟ་སྐྱོང་བྱེད་མཁན་གཏན་ཁེལ་བྱས་ཆོག་ལ། རང་ཉིད་ཀྱི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཤོར་བའམ་ཆ་ཤས་ཤོར་བའི་ཚེ། ལྟ་སྐྱོང་བྱེད་མཁན་དེས་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས།

125.ལས་སྟེགས་ཀྱིས་དབང་ཆ་མ་ཐོབ་པར་རང་དགར་ངང་མི་སྒེར་གྱི་ཆ་འཕྲིན་རེག་ན་དབང་ཆ་གང་ལ་གནོད་པ་ཡིན་ནམ།

【གྱོད་དཔེ】སྐུ་ཞབས་ཞུའུ་ཡིསAppཞིག་བཀོལ་སྤྱོད་བྱེད་སྐབས་སྐད་འཕྲིན་ཡང་ནQQཨང་རྟགས་ཀྱིསAppདེ་ནང་ཐོ་འཇུག་བྱས་ཚེ། Appདེས་ཁོའི་དབང་ཆ་སྤྲོད་པར་དྲན་སྐུལ་མ་བྱས་པའི་གནས་ཚུལ་འོག་ཁོའི་སྐད་འཕྲིན་གྲོགས་པོའི་འབྲེལ་བ་ཐོབ་པ་མ་ཟད། གྲོགས་པོའི་སྐད་འཕྲིན་དངQQངོས་སུ་ཤར་བ་རེད།

【དབྱེ་ཞིབ】དབང་ཆ་མ་ཐོབ་པར་མི་གཞན་གྱི་སྐད་འཕྲིན་གྱི་གྲོགས་པོའི་ཆ་འཕྲིན་དང་མི་སྒེར་གྱི་ཆ་འཕྲིན་ཐོབ་ཐབས་བྱེད་པ་དེ་ནི་དཔེ་མཚོན་ཅན་གྱི་སྒེར་གྱི་གསང་དོན་དབང་ཆ་ལ་བཙན་གནོད་བྱས་པའི་གྱོད་དཔེ་ཡིན་ལ། སྒེར་གྱི་གསང་དོན་དབང་ཆ་དེ་གཞི་རྩའི་མི་ཡི་ཁེ་དབང་ཞིག་ཡིན་པའི་ཆ་ནས།《དམངས་དོན་ཁྲིམས་གཞུང》གིས་སྲུང་སྐྱོང་གསལ་བོ་གནང་ཡོད། ཞུའུ་སྐུ་ཞབས་ཀྱིས་དྲན་སྐུལ་བྱས་མེད་པ་དང་དབང་ཆ་སྤྲད་མེད་པའི་གནས་ཚུལ་འོགAppག་གེ་མོས་སྐུ་ཞབས་ཞུའུ་ཡི་སྐད་འཕྲིན་གྲོགས་པོའི་འབྲེལ་བ་བླངས་ཏེ། སྐུ་ཞབས་ཞུའུ་ཕོ་མོ་གང་ཡིན་དང་། ས་ཁུལ་སོགས་མི་སྒེར་གྱི་གསང་བའི་ཆ་འཕྲིན་མཉམ་དུ་ཡོངས་བསྒྲགས་བྱས་པ་དེས《དམངས་དོན་ཁྲིམས་གཞུང》གིས་རྩ་འཛུགས་སམ་ཡང་ན་མི་སྒེར་གང་ཞིག་གིས་ཀྱང་མྱུལ་དཔྱད་དང་བཙན་འཛུལ། ཕྱིར་གཏོང་། ཡོངས་སྒྲོག་སོགས་ཀྱི་ཐབས་ལ་བརྟེན་ནས་མི་སྒེར་གྱི་གསང་བའི་དབང་ཆ་ལ་གནོད་འཚེ་གཏོང་མི་རུང་།

126.ས་ཞིང་གཉེར་སྐྱོང་བྱེད་དབང་ཐོ་འགོད་བྱེད་དགོས་སམ།

འཁོར་རྒྱུག་གི་དུས་ཚད་ནི་ལོ་ལྔ་ཡན་གྱི་ས་ཞིང་གཉེར་སྐྱོང་དབང་ཆ་ཡིན་ཚེ། སྤོ་རྒྱུད་གན་རྒྱར་ནུས་པ་ཐོན་དུས་འཛུགས་དགོས། དོ་བདག་གིས་ཐོ་འགོད་ལས་ཁུངས་ལ་ས་ཞིང་གཉེར་དབང་བྱེད་པའི་རེ་ཞུ་བྱས་ཆོག ཐོ་འགོད་མ་བྱས་པར་སེམས་བཟང་བཅངས་པའི་ཕྱོགས་གསུམ་པར་འགྲན་རྒོལ་བྱས་མི་ཆོག

127.མགྲོན་ཁང་དུ་སྡོད་དུས་གཞན་གྱིས་ལྐོག་ནས་པར་དང་བརྙན་བླངས་ན་འགན་འཁྲི་བདའ་འདེད་བྱེད་ཐུབ་བམ།

འགན་འཁྲི་བདའ་འདེད་བྱེད་ཐུབ་སྟེ། བཅའ་ཁྲིམས་ནང་གཏན་འབེབས་གཞན་བྱས་ཡོད་པའམ་ཡང་ན་ཁེ་དབང་འཛིན་མཁན་གྱིས་མོས་མཐུན་གསལ་པོ་བྱས་ཡོད་པ་ཕུད། རྩ་འཛུགས་གང་དང་མི་སྒེར་སུས་ཀྱང་གཞན་གྱི་སྡོད་ཁང་དང་། མགྲོན་ཁང་གི་ཁང་བ་སོགས་གསང་བའི་བར་སྟོང་སོགས་སུ་འཛུལ་མི་རུང་ལ། པར་དང་བརྙན་སོགས་ཀྱང་ལེན་མི་ཆོག

128.བུ་ཕྲུག་ཅིག་ཡོད་ན། ད་དུང་བུ་ཕྲུག་གཞན་སྙོར་སྐྱོང་བྱས་ཆོག་གམ།

བུ་ཕྲུག་མེད་པའི་མི་ཡིས་བུ་ཕྲུག་གཉིས་སྙོར་སྐྱོང་བྱས་ཆོག་པ་དང་། བུ་ཕྲུག་ཡོད་པའི་མི་ཡིས་གཞན་བུ་གཅིག་སྙོར་སྐྱོང་བྱས་ཆོག དེ་དང་ཆབས་ཅིག《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སྟོང་དང་དགུ་བཅུ་གོ་བརྒྱད་པའི་ནང་གཏན་ལ་ཕབ་པའི་སྙོར་སྐྱོང་གི་ཆ་རྐྱེན་ལྡན་དགོས།

129.ཀ་བ་ནི་ལོ45ལ་སླེབས་པའི་ཁེར་རྐྱང་བུད་མེད་ཅིག་ཡིན་ལ། མོས་ལོ8ལ་སླེབས་པའི་བྱིས་པ་ཕོ་ཞིག་སྙོར་སྐྱོང་བྱེད་འདོད་པས། དེ་སྙོར་ན་ཆོག་གམ།

མི་ཆོག་སྟེ། བཟའ་ཟླ་མེད་པའི་མི་ཡིས་སྐྱེས་པ་ཐ་དད་ཡིན་པའི་བྱིས་པ་ཞིག་སྙོར་སྐྱོང་བྱེད་འདོད་ན། ངེས་པར་རང་དང་བྱིས་པའི་བར་དུ་ལོ40ཡོད་དགོས།

130.ཞའོ་ཝང་ད་ལོར་ལོ30ཡིན་པ་དང་། ཕ་གཡར་མ་གཡར་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ནས་མཉམ་དུ་འཚོ་བ་རོལ་ཐབས་མེད་པས། ཁོ་ཚོ་བར་ནས་གྲོས་མཐུན་སྒོས་སྙོར་སྐྱོང་འབྲེལ་བ་གྲོལ་ཆོག་གམ།

དེ་ལྟར་བྱས་ཆོག་སྟེ། ཕ་གཡར་མ་གཡར་དང་ནར་སོན་ཡོད་པའི་བུ་ཕྲུག་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ནས་མཉམ་དུ་འཚོ་བ་རོལ་ཐབས་མེད་ན། གྲོས་མཐུན་བྱུང་རྗེས་སྙོར་སྐྱོང་འབྲེལ་བ་བཅད་ཆོག་པ་ཡིན། །

131.ཉར་གསོའི་འབྲེལ་བ་མཚམས་བཞག་རྗེས། གསོས་ཕྲུག་གིས་ཕ་གཡར་དང་མ་གཡར་ལ་ཞབས་ཏོག་ཞུ་བའི་འོས་འགན་ཡོད་དམ།

ཉར་གསོའི་འབྲེལ་བ་གྲོལ་རྗེས། ཕ་གཡར་དང་མ་གཡར་ཀྱིས་གཉོར་སྐྱོང་བྱས་པའི་ལོ་ན་སོན་པའི་གསོས་ཕྲུག་གིས། ངལ་རྩོལ་གྱི་བྱེད་ནུས་མེད་ལ་འཚོ་རྟེན་ཡོང་ཁུངས་ཀྱང་མེད་པའི་ཕ་མར་འཚོ་བའི་གྲོན་དངུལ་སྤྲོད་དགོས།

132.ནད་པར་གཅིན་པ་མངར་འགྱུར་གྱི་ནད་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་དུ་སོང་པར་སྨན་ཁང་གིས་ཆ་འཕྲིན་ཕྱིར་བསྒྲགས་བྱས་པས། ཕྱི་ཉིན་སྨན་འཚོང་མཁན་ཞིག་ཁོའི་ཁྱིམ་དུ་ཡོང་ནས་རིན་གོང་དམའ་བའི་སྨན་བཙོང་རྒྱུ་ཡོད་པར་བཤད། ནད་པས་ཇི་ལྟར་བྱ་དགོས།

སྨན་ཁང་ལ་ཁེ་དབང་ལ་གནོད་པ་བཟོས་པའི་འགན་འཁུར་དགོས་པའི་བླང་བྱ་བཏོན་ཆོག སྨན་བཅོས་ལས་ཁུངས་དང་སྨན་བཅོས་མི་སྣས་ནད་པའི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་གསང་དགོས། ནད་པའི་གསང་དོན་དང་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་པའམ་ཡང་ན་ནད་པའི་མོས་མཐུན་མ་བྱུང་པར་ནད་ཐོའི་དཔྱད་ཡིག་ཕྱིར་བསྒྲགས་བྱས་ན། ཁེ་དབང་ལ་གནོད་པ་བཟོས་པའི་འགན་འཁུར་དགོས།

133.ཞའོ་ཝེས་སྡེ་ཁུལ་དུ་འཆམ་འཆམ་དུ་བསྐྱོད་སྐབས། ཞའོ་ཝང་གིས་གསོས་པའི་ཐག་པའི་ཁྲིད་མེད་པའི་ཁྱི་ཆུང་གིས་རྨུགས་པས། ཞའོ་ཝེས་ཡིས་ཇི་ལྟར་བྱས་ནས་ཁེ་དབང་སྲུང་སྐྱོང་བྱེད་དགོས།

ཞའོ་ཝང་གིས་ཁེ་དབང་ལ་གནོད་པ་བཟོས་པའི་འགན་འཁུར་དགོས་པའི་བླང་བྱ་བཏོན་ཆོག དོ་དམ་གྱི་གཏན་འབེབས་དང་འགལ་ཏེ། གཅན་གཟན་སྲོག་ཆགས་ལ་བདེ་འཇགས་ཀྱི་བྱེད་ཐབས་མ་སྤྱད་པར་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། སྲོག་ཆགས་གསོ་མཁན་ནམ་དོ་དམ་བྱེད་མཁན་གྱིས་ཁེ་དབང་ལ་གནོད་པའི་འགན་འཁུར་དགོས། འོན་ཀྱང་གནོད་སྐྱོན་ནི་གནོད་འཚེ་ཕོག་མཁན་རང་གིས་བསམ་བཙུགས་ནས་བཟོས་པ་ཡིན་ལུགས་ར་སྤྲོད་བྱེད་ཐུབ་ན་ཁྱི་བདག་གི་འགན་ཇེ་ཡང་དུ་བཏང་ཆོག

134.ཀ་བའི་མིག་ལ་རྨས་ཕོག་ཏེ་མྱུར་དུ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་སྐབས། སྨན་པས་འགོར་འགྱངས་བྱས་ཏེ་མཐར་ཀ་བའི་མིག་གཡས་པ་དེ་ཡི་མཐོང་ནུས་ཉམས་པར་གྱུར། སྨན་ཁང་གིས་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས་སམ།

སྐྱིན་ཚབ་འཇལ་འགན་འཁུར་དགོས་པ་རེད། སྨན་བཅོས་མི་སྣས་ནད་བརྟག་སྨན་བཅོས་བྱེད་སྐབས་དེའི་སྨན་བཅོས་ཆུ་ཚད་དང་མཚུངས་པའི་ནད་བརྟག་སྨན་བཅོས་ཀྱི་འོས་འགན་མ་བསྒྲུབས་པར་ནད་པར་གནོད་སྐྱོན་བཟོས་པ་ཡིན་ན། སྨན་བཅོས་ལས་ཁུངས་ཀྱིས་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས། (མུ་འགོད)