国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月15日

ཕན་ཚུན་བརྩི་བཀུར་དང་ཕན་ཚུན་དགའ་གཅེས་བཅས་བྱེད།

——རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་སྟེ་བཀྲ་ཤིས་ཆོས་སྒྲོན་ཁྱིམ་གྱི་སྐོར་བཀོད་པ།

འདི་ནི་བོད་རྒྱ་ཕན་ཚུལ་སྦྲེལ་བའི“ཁྱིམ་ཚང་མཛེས་ཤོས”ཤིག་སྟེ། ཀྲང་པའོ་ཧའེ་དང་། བཀྲ་ཤིས་ཆོས་སྒྲོན། བློ་བཟང་འཇམ་དབྱངས་བཅས་ནང་མི་གསུམ་གྱིས་སྤྱིར་བཏང་གི་ལོ་ཟླའི་འགྲུལ་བཞུད་ཁྲོད་དུ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་བཞིན་མཆིས། ཁོང་ཚོས་ལག་ཟུང་དང་གཅེས་སེམས་ལ་བརྟེན་ནས་ཐུན་མོང་ཐོག“ཞི་མཐུན་ཁྱིམ་ཚང”གི་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམས་ཤིང་། ཉེ་ཆར་གསར་འགོད་པ་དང་བཅས་པ་ཁོང་ནང་མི་གསུམ་པོའི་སར་བསྐྱོད་དེ་ཁོང་ཚོའི་དབར་གྱི་བརྩེ་སེམས་གཏམ་རྒྱུད་ཉན་པ་ཡིན།

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གཡེར་སྟོད་གྲོང་ཚོའི་ཁང་ཁྱིམ་གྱི་མདུན་དུ་གསར་འགོད་པར་བུ་དངོས་སྦྱོང་ལ་བསྐྱལ་ནས་ལོག་ཡོང་བའི་བཀྲ་ཤིས་ཆོས་སྒྲོན་བཟའ་ཚོ་གཉིས་དང་ཐུག་བྱུང་།

བཀྲ་ཤིས་ཆོས་སྒྲོན་གྱིས་གསར་འགོད་པའི་ལམ་སྣེ་ཁྲིད་དེ་འགྲོ་བཞིན་དུ་ལོ་བཅུ་ལྷག་ཙམ་རིང་བསྐྱོད་པའི་ལམ་བུ་དང་སྐྱིད་གསུམ་སྡུག་གསུམ་གྱི་འཚོ་བའི་སྐོར་བཤད།

བཀྲ་ཤིས་ཆོས་སྒྲོན་དང་ཁོ་མོའི་ཁྱོ་བོ་སྔ་མར་བུ་བློ་བཟང་འཇམ་དབྱངས་སྐྱེས། འོན་ཀྱང་། གནམ་ལ་སྤྲིན་རླུང་འགྱུར་ལྡོག་ཚོད་དཔག་དཀའ། མི་ལ་ཕན་གནོད་ཇི་ཡོང་ངེས་གཏན་མེད་ཅེས་པ་ལྟར། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་མ་ཐག་བཀྲ་ཤིས་ཆོས་སྒྲོན་གྱི་ཁྱོ་བོ་སྔ་མ་ནད་གཞིས་རྐྱེན་པས་ཚེ་ལས་འདས་པ་དང་། ལོ་བཞི་ལ་སླེབས་པའི་བུ་ལ་པགས་ནད་ཕོག་ནས་གཟུགས་པོའི་ཆ་ཤས་ཆེ་ཙམ་རུལ་སུངས་སུ་གྱུར། གནས་ཚུལ་དེ་འདྲ་འཕྲད་རུང་བཀྲ་ཤིས་ཆོས་སྒྲོན་གྱིས་མགོ་མི་སྒུར་བར་སྒོར་ཆིག་སྟོང་འཁྱེར་ནས་ལྷ་སར་སྨན་པ་བསྟེན་པར་བསྐྱོད། ཡུན་རིང་མ་སོང་བར་དངུལ་ཚང་མ་རྫོགས་པས། བཀྲ་ཤིས་ཆོས་སྒྲོན་དང་བུ“ཐབས་ཟད་འུ་ཐུག”གི་གནས་སུ་གྱར། ག་བྱེད་འདི་བྱེད་མེད་པའི་སྐབས་དེར་བཀྲ་ཤིས་ཆོས་སྒྲོན་གྱིས་ཟ་ཁང་ཞིག་ཏུ་གླ་པ་བྱས་ནས་ཁྱིམ་དུ་ལོག་པའི་ལམ་གྲོན་གསོག་ཐབས་བྱས།

ཡིན་ཡང་ཉི་མ་ནུབ་རིར་ཡལ་རུང་། ཟླ་བ་དགུང་དུ་འཕགས་ཞེས་པ་ལྟར། བཀྲ་ཤིས་ཆོས་སྒྲོན་གླ་པ་རྒྱུག་སའི་ཟ་ཁང་དེ་ནས་ད་ལྟའི་བཟའ་ཟླ་ཀྲང་པའོ་ཧའེ་དང་ཁ་ཐུག མཚོ་སྔོན་ཟི་ལིང་ནས་ཆབ་མདོར་ཚོང་རྒྱག་པར་ཡོང་མཁན་སྤྱོད་པ་ཚུལ་དང་མཐུན་པ་ཁོས་བློ་བཟང་འཇམ་དབྱངས་ཀྱི་གནས་ཚུལ་ཤེས་རྗེས་རང་ཉིད་ཆུང་བྱིས་པའི་དུས་ཀྱི་སྐྱོ་ཤས་ཡིད་ལ་དྲན་པ་དང་། རིན་པ་གང་ཡང་མ་བླངས་པར་མ་བུ་གཉིས་ལ་སྡོད་གནས་མཁོ་འདོན་བྱས་པ་དང་། སྨན་པ་འཚོལ་རོགས་དང་ནད་གཞི་འདྲི་རྩད་བྱེད་རོགས་བྱས་པ་མ་ཟད། ཕྱོགས་གཅིག་ནས་བཀྲ་ཤིས་ཆོས་སྒྲོན་ལ་མ་འོངས་འཚོ་བར་ཁ་གཏད་གཅོག་རྒྱུར་སྐུལ་ལྕག་བྱས་པ་དང་ཕྱོགས་གཞན་ཞིག་ནས་ཁོང་མ་བུ་གཉིས་ལ་རོགས་རམ་བྱེད་གང་ཐུབ་བྱས་པ་རེད།

ཡུན་རིང་གཤིབ་པ་བརྒྱུད་2000ལོར་ཀྲང་པའོ་ཧའེ་དང་བཀྲ་ཤིས་ཆོས་སྒྲོན་གཉིས་ཀྱིས་ཁྱིམ་ཚང་གསར་པ་ཞིག་བཙུགས། ཀྲང་པའོ་ཧའེ་ཡིས་གསར་འགོད་པར“ང་གཉིས་གཉེན་སྒྲིག་བྱས་རྗེས་སླར་ཡང་ཕྲུ་གུ་སྐྱེས་མེད། ངས་བློ་བཟང་འཇམ་དབྱངས་རང་ཉིད་ཀྱི་བུ་ལྟར་བརྩིས་ནས་བུར་ང་དང་ལེན་བྱེད་དུ་བཅུག་པ་ཡིན། ལོ་བཅུ་ལྷག་ཙམ་སོང་བ་བརྒྱུད་ང་གཉིས་ཕ་བུ་ཡིན་ལ། འཚོ་བའི་ཁྲོད་ཀྱི་གྲོགས་པོ་ཡང་ཡིན”ཞེས་བཤད།

ཀྲང་པའོ་ཧའེ་དང་བཀྲ་ཤིས་ཆོས་སྒྲོན་གཉེན་སྒྲིག་བྱས་རྗེས་ཁོང་གཉིས་ཀྱིས་མཉམ་དུ་ཟ་ཁང་ཆུང་ཆུང་ཞིག་ཚོང་གཉེར་བྱས་པ་དང་། མ་གཞི་དཀའ་ལས་ཁག་ཙམ་ཡོད་མོད། འོན་ཀྱང་བཟའ་ཚོ་གཉིས་ཀྱིས་མུ་མཐུད་འབད་འབུངས་ཧུར་བརྩོན་བྱས་ཏེ་གནས་ཚུལ་འཕྲད་སྐབས་གྲོས་བསྡུར་བྱེད་པ་དང་། དཀའ་ངལ་འཕྲད་སྐབས་མཉམ་དུ་ཐག་གཅོད་བྱས་པས། ཟ་ཁང་ཆུང་ཆུང་དེའི་ཚོང་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན། ལོ་ཁ་ཤས་སོང་རྗེས་ཁོང་གཉིས་ཀྱིས་ཟ་ཁང་གཞན་ཞིག་བཙུགས་པ་མ་ཟད། བར་སྐོར་དུ་ཁྱད་ལྡན་ཡུལ་ཟོག་ཚོང་ཁང་ཞིག་ཀྱང་བཙུགས་པ་རེད།

འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་བཟའ་ཚོ་གཉིས་ཀྱིས་སེམས་རྩ་འཁོལ་པོས་སྤྱི་ཕན་བྱ་གཞག་ནང་ཞུགས།“དུས་དང་རྣམ་པ་ཀུན་ཏུ་ངས་རང་ཉིད་དང་བཟའ་ཟླར་ཕན་ཚུན་བསམ་བློ་གཏོང་ཤེས་པ་བྱེད་དགོས་ལ། སོ་སོས་ནུས་པས་ལྕོགས་ཚོད་ཀྱིས་མི་གཞན་ལ་རོགས་རམ་ཡང་བྱེད་དགོས་ཅེས་ཤོད་ཀྱི་ཡོད”ཅེས་ཀྲང་པའོ་ཧའེ་ཀྱིས་དེ་ལྟར་ཤོད་ཀྱི་ཡོད་ལ་དེ་ལྟར་ཡང་བྱེད་ཀྱི་ཡོད།

2010ལོར་མཚོ་སྔོན་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་བཟའ་ཚོ་གཉིས་ཀྱིས་སྒོར་ཁྲི་1.5རི་བའི་གྱོན་ཆས་དང་བཟའ་བཅའ་སོགས་དགོས་མཁོ་ཆེ་བའི་འཚོ་བའི་མཁོ་ཆས་ཉོས་ནས་ཡུལ་ཤུལ་དུ་དང་བླངས་པ་བྱེད་པར་བསྐྱོད་པ་རེད། 2008ལོར་བུ་བློ་བཟང་འཇམ་དབྱངས་ཆབ་མདོར་དམའ་རིམ་སློབ་འབྲིང་འགྲིམ་པར་སྐྱོད་དགོས་རྐྱེན་བཀྲ་ཤིས་ཆོས་སྒྲོན་དང་ཁྱོ་ག་འཕྲལ་དུ་ཆབ་མདོར་ལོག་དགོས་བྱུང་བ་རེད། 2011ལོར་བཀྲ་ཤིས་ཆོས་སྒྲོན་གྲོང་མི་ཚོས་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གཡེར་སྟོད་གྲོང་ཚོའི་བུད་མེད་ཀྲུའུ་རེན་ལ་བདམས་པ་རེད།

ལོ་བཅུ་གྲངས་འགའ་ཤས་རིང་། ནང་མི་གསུམ་གྱིས་ཕན་ཚུན་གཅིག་ལ་གཅིག་རྟེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“བརྩེ་སེམས་དངོས་ལ་བརྟེན་ནས་གཞན་ལ་རོགས་རམ་དང་། ཞི་མཐུན་མཉམ་གནས། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་དགའ་གཅེས་བྱེད་པ”བཅས་ཀྱི་བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི“ཡ་རབས་ཁྱིམ་ཚང”ཞིག་བཏོད་པ་རེད།