国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月15日

ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས11ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའིགསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དགུ་པའི་སྒྲིག་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཙུའུ་ཀྲང་བཅས་ཡིན་པའི་ཝེ་ཤིན་ཀུའེ་ཡིས་ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་དེ་བཞིན་བྱེད་སྒོའི་ནང་དོན་སོགས་སྤྱིའི་ཆ་ནས་ངོ་སྤྲོད་བྱས་ཡོད། རིག་རྩལ་བྱེད་སྒོ་ཚོགས་ཆུང་དང་། ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་ཚོགས་ཆུང་། ཚོང་འགུགས་མ་འདྲེན་ཚོགས་ཆུང་། ཡུལ་སྐོར་བྱེད་སྒོ་ཚོགས་ཆུང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད།

ཐེངས་འདིའི་སྒྱུ་རྩལ་དུས་ཆེན་དེ་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་། ཁྲུང་ཆིན་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་འགན་སྒྲུབ་བྱས་པ་ཞིག་ཡིན། ཟླ8པའི་ཚེས19ཉིན་ནས་ཚེས25ཉིན་བར་ཁ་རུབ་ཆུས་སུ་སྤེལ་རྒྱུ་ཡིན་ཞིང་། གཙོ་བོ་འགོ་མཇུག་མཛད་སྒོ་དང་། ཚོང་འགུགས་ཡུལ་སྐོར། རིག་རྩལ་འཁྲབ་སྟོན། འགྲེམས་སྟོན་འགྲེམས་གཟིགས།

ལུས་རྩལ་འགྲན་སྡུར། གསར་འགྱུར་དྲིལ་བསྒྲགས་སོགས་བྱེད་སྒོ་སོགས་འདུས་ཡོད། དེའི་རིང་རྒྱལ་ཡོངས་ཀྱི་ས་གནས་ཁག་གནས་ཡོང་བའི་རིག་རྩལ་ཚོགས་པ14དང་། ཧྥུའུ་ཅན་དང་ཆབ་མདོའི་ཡིག་གཟུགས་དང་མཛེས་རྩལ། པར་ལེན་མཐུན་ཚོགས། ངེད་གྲོང་ཁྱེར་གྱི་ལས་རིགས་ཁག་གི་ལུས་རྩལ་འགྲན་ཞུགས་རུ་ཁག་དེ་བཞིན་ཁེ་ལས་སྤུས་དག་200ལྷག་འབྲེལ་ཡོད་བྱེད་སྒོ་ནང་ཞུགས་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྒྱུ་རྩལ་དུས་ཆེན་ལ་ཁྱོན་ནང་དོན་བཞི་ཡོད་དེ། ཟླ་8ཚེས་19ཉིན་ཅིན་ཆབ་ལུས་རྩལ་རིག་གནས་ལྟེ་གནས་སུ་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་ཡིན། ཟླ་8ཚེས་20ཉིན་གྱི་ཕྱི་དྲོ་ནས་ཚེས་25ཉིན་བར་ཇ་རྟ་ཐང་ཆེན་དུ་རྫོང་ཁག་གི་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་ཡིན། ཟླ་8ཚེས་20ཉིན་གྱི་སྔ་དྲོ། ཇ་རྟ་ཐང་ཆེན་དུ་ཆབ་མདོ་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་བརྟན་པོ་འཛུགས་པའི་དམངས་ཁྲོད་སྒོར་གཞས་འགྲན་སྡུར་བྱ་རྒྱུ། ཟླ་8ཚེས་25ཉིན་ཆབ་མདོ་ཟློས་གར་ཁང་དུ་མཇུག་བསྡུའི་མཛད་སྒོའི《རྡུལ་འཚུབ་དྭངས་སོང》ཞེས་པའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད། ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས་དེ་ཟླ་8ཚེས་19ནས་ཚེས་25ཉིན་བར་ཐེན་ཅིན་ཐང་ཆེན་དུ་གཉེར་རྒྱུ་དང་རྫོང(ཆུས)11དང་དེ་བཞིན་དཔལ་འབྱོར་འགྲེམས་ཁུལ་གྱི་ཁེ་ལས་དང་མཉམ་ལས་ཁང་200ཙམ་གདན་དྲངས་ཏེ་ཐོན་རྫས་1000ལྷག་ཙམ་འཁྱེར་ནས་འགྲེམས་ཚོགས་ནང་ཞུགས་རྒྱུ་ཡིན་པ་རེད། ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་གྱི་བརྙན་ཐུང་འགྲན་བསྡུར་ཆེ་མོའི་བྱེད་སྒོ་ནི་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་20ཉིན་བར་ཡིན་པ་རེད། ཡུལ་སྐོར་ཉམས་ལེན་བྱེད་སྒོ་སྤེལ་བའི་དུས་ཚོད་ནི་ཟླ་8ཚེས་15ནས་ཚེས་25ཉིན་བར་ཡིན།“སྤྲོ་ཞིང་སྤྲོ་བའི་ཁམས་པ། དགའ་ཞིང་སྐྱིད་པའི་ཆབ་མདོ”ཞེས་པའི་ཞིམ་ཟས་དུས་ཆེན་གྱི་བྱེད་སྒོ་དེ་ཟླ་8ཚེས་19ཉིན་ནས་ཚེས་25ཉིན་བར་ཡིན། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཟླ་8ཚེས་20ཉིན་འཚོག་རྒྱུ་ཡིན།

མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།