འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་13ཉིན་ངེད་གྲོང་ཁྱེར་གྱིས་ལྷ་ས་དང་ཆབ་མདོའི་ཡུག་ཁུལ་དུ་སྡོད་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་རྩ་འཛུགས་ཀྱི་ལས་ཀའི་ཉམས་མྱོང་སྤེལ་རེས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་བཞུགས་མོལ་ཚོགས་འདུར་ཞུགས་མཁན་འགོ་ཁྲིད་ཀྱིས་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཚོར་ཁ་བཏགས་ཕུལ་ནས་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད། ལས་བྱེད་རྒན་གྲས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ལས་བྱེད་རྒན་གྲས་ཅུས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་མདོར་བསྡུས་ངང་སྙན་སེང་ཞུས་པ་རེད། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པ་ཚོས་གཟུགས་པོར་བདག་གཅེས་བྱེད་པ་དང་ཆབས་ཅིག་རང་རྟོགས་རང་མོས་དང་ནུས་པས་ལྕོགས་ཚོད་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྔར་རྒྱུན་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞིའི”ཆེད་དུ་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་དེ་བས་ལེགས་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད། དེ་དང་ཆབས་ཅིག་སླད་ཕྱིན་གྱི་ལས་ཀའི་ནང་ཏང་གི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལས་ཀའི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། བརྩེ་སེམས་བཅངས་ནས་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་ཞབས་ཞུ་དང་དོ་དམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་ཆབ་སྲིད་ཐད་གཟི་བརྗིད་ཀྱི་བསམ་པ་དང་། རྩ་འཛུགས་ཐད་ཁོངས་གཏོགས་ཀྱི་བསམ་པ། འཚོ་བའི་ཐད་བདེ་སྐྱིད་ཀྱི་བསམ་པ་བཅས་ལྡན་པ་བྱས་ནས་ཏང་གི་ཐུགས་བློ་བདེ་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚོགས་འདུའི་ཐོག་ལྷ་སར་བཅའ་སྡོད་གྲོང་ཁྱེར་སྲིད་གཞུང་དོན་གཅོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ལྷ་ས་ཁུལ་གྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པའི་ཏང་རྩ་འཛུགས་ཀྱི་འཐུས་མིས་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པའི་ཏང་རྩ་འཛུགས་འཛུགས་སྐྱོང་གི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱས་པ་རེད།
ཚོགས་འདུ་མ་འཚོག་གོང་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པ་ཚོས་ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་རྒན་གྲས་ཀྱི་བྱེད་སྒོ་ལྟེ་གནས་ཀྱི་ཕིང་ཕང་སྤོ་ལོ་ཁང་དང་། མིག་མངས་ཁང་། ལུས་སྦྱོང་ཁང་། དཔེ་གཟིགས་ཁང་། བཤམས་སྟོན་ཁང་སོགས་སུ་ལྟ་སྐོར་བྱས་པ་རེད།