国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月11日

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》

(ཚགས་པར་གོང་མར་མཐུད)110.རྒན་པོའི་ཁ་ཆེམས་དང་སྔོན་ལ་བདེན་དཔང་བྱས་པའི་ཁ་ཆེམས་བར་བྱུང་བའི་འགལ་ཟླ་ལས་གང་ཞིག་ཚད་ལྡན་ཡིན་ནམ།

【གྱོད་དཔེ།】 རྒན་པོ་ལིའི་རྒན་རྒོན་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་ཡོད་པ་དང་།རྒན་རྒོན་གཉིས་ཀྱིས་དེ་སྔོན་ཁ་ཆེམས་ཤིག་གཞུང་ཕྱོགས་བདེན་དཔང་བྱེད་དུ་བཅུག་ཡོད་པ་དང་། རྒྱུ་ནོར་ལ་བྱིས་པ་བཞི་བོས་འདྲ་མཉམ་གྱིས་བགོ་བར་བྱས་ཡོད། འོན་ཀྱང་བུ་ཆུང་བས་དུས་རྒྱུན་པར་རྒན་རྒོན་གཉིས་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། རྒན་རྒོན་གཉིས་འཆི་ཁར་ཡང་བསྐྱར་ཁ་ཆེམས་ཤིག་བཞག་ཡོད་པ་དང་། རྒྱུ་ནོར་གྱི་ཕྱེད་ཀ་བུ་ཆུང་བར་སྟེར་རྒྱུ་བྱས་ཡོད་ཅིང་། ཁ་ཆེམས་དེར་ནུས་ལྡན་ཡིན་ནམ།

【དབྱེ་ཞིབ།】ནུས་ལྡན་ཡིན། ད་ལྟའི་དངོས་ཡོད་འཚོ་བའི་ཁྲོད་རྒྱུན་པར་མི་གཅིག་གིས་ཁ་ཆེམས་མང་པོ་འཇོག་པའི་གནས་ཚུལ་ཡོད་པ་དང་། ད་ལྟ་རྒྱུན་སྤྱོད་ཀྱི་རྒྱུན་འཛིན་བཅའ་ཁྲིམས་ཀྱི་གཏན་ཁེལ་བྱས་པ་ནི་ཆེས་རྗེས་མའི་ཁ་ཆེམས་དེ་ཚད་གཞིར་འཛིན་བཞིན་ཡོད་པ་དང་། འོན་ཀྱང་གཞུང་ཕྱོགས་བདེན་དཔང་ཁ་ཆེམས་ཡོད་ཚེ། གཞུང་ཕྱོགས་བདེན་དཔང་དེ་ཚད་གཞིར་འཛིན་བཞིན་ཡོད། <<དམངས་དོན་ཁྲིམས་གཞུང>>གིས་དེར་བཟོ་བཅོས་བྱས་ཡོད་པ་དང་། གཞུང་ཕྱོགས་བདེན་དཔང་ནུས་ལྡན་དེ་ཚད་གཞིར་འཛིན་པ་ཡིན། <<དམངས་དོན་ཁྲིམས་གཞུང>>གི་དོན་ཚན1142ལས་གཏན་ཁེལ་ལྟར་ན། ཁ་ཆེམས་དེ་ཕྱིར་འཐེན་བྱས་ཆོག རང་ཉིད་ཀྱི་བཞག་པའི་ཁ་ཆེམས་དེར་འགྱུར་བཅོས་བཏང་ཆོག ཁ་ཆེམས་བཞག་རྗེས། ཁ་ཆེམས་འཇོག་མཁན་དང་ཁ་སེམས་ཀྱི་ནང་དོན་དང་འགལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལ། ཁ་ཆེམས་ཀྱི་འབྲེལ་ཡོད་ནང་དོན་ཕྱིར་འཐེན་བྱེད་པ་ཡིན། ཁ་ཆེམས་གང་མང་བཞག་ཡོད་ཚེ། ནང་དོན་ཕན་ཚུན་བར་འགལ་བ་ཡོད་ན། ཁ་ཆེམས་ཆེས་རྗེས་མ་དེ་ཚད་གཞིར་འཛིན་དགོས།གཞུང་ཕྱོགས་བདེན་དཔང་ཁ་ཆེམས་བསུབ་པའི་ཐག་གཅོད་དེས། ཁ་ཆེམས་འཇོག་མཁན་གྱི་འདོད་བློར་བརྩི་མཐོང་བྱེད་པ་ཡིན།

111.ཤུལ་བཞག་རྒྱུ་དངོས་ཀྱི་རྩོད་གླེང་ལས་མཚོ་ཟས་ཏུན་འགའ་རུལ་བའི་གྱོད་གཞི་ལ《དམངས་དོན་ཁྲིམས་གཞུང》དུ་ལམ་ལུགས་གང་འདྲ་ཞིག་ལ་བརྟེན་ནས་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་གྱི་རྩོད་གཞི་ཐག་གཅོད་བྱས་པ་རེད།

【གྱོད་དཔེ】 མཚོ་ཟས་ཀྱི་རིགས་ཚོང་གཉེར་བྱེད་བཞིན་པའི་སྐུ་ཞབས་ཝང་ལགས་གློ་བུར་དུ་རླངས་འཁོར་གྱི་དོན་རྐྱེན་བྱུང་སྟེ་ཚེ་ལས་འདས་ཤིང་། ཁོའི་ཤུལ་བཞག་ནི་མཛོད་ཁང་དུ་ཉར་ཡོད་པའི་རིམ་མཐོའི་མཚོ་ཟས་རིགས་ཡིན་པ་རེད། སྐུ་ཞབས་ཝང་ལགས་ཀྱི་རྗེས་འཇུག་བྱ་བ་སྒྲུབ་སྐབས་ཁོའི་ཕ་མ་དང་བཟའ་ཟླ་བར་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་པར་བསམ་ཚུལ་མི་མཐུན་པ་བྱུང་བས་མཛོད་ཁང་ནང་གི་མཚོ་ཟས་ལ་དོ་དམ་བྱེད་མཁན་མེད་པར་གྱུར་སྟབས་རུལ་མྱགས་ཀྱི་གནས་ཚུལ་བྱུང་ནས་གྱོང་གུན་ཚབས་ཆེན་ཐེབས།

【དབྱེ་ཞིབ】 རྩོད་གཞི་དེ་རིགས་ཐག་གཅོད་བྱ་ཆེད། 《དམངས་དོན་ཁྲིམས་གཞུང》ནང་ཤུལ་བཞག་རྒྱུ་དངོས་ལ་དོ་དམ་བྱེད་པའི་ལམ་ལུགས་དྲངས་ནས་ཤུལ་བཞག་རྒྱུ་ནོར་དོ་དམ་བྱེད་མཁན་འདེམས་བསྐོ་བྱ་རྒྱུའི་ཐད་གཏན་འབེབས་ཁ་གསལ་བཟོས་ཡོད། དེ་དང་དུས་མཚུངས་སུ་ཤུལ་བཞག་རྒྱུ་ནོར་དོ་དམ་བྱེད་མཁན་གྱི་ལས་འཁྲི་དང་འཁུར་དགོས་པའི་འགན་འཁྲི་གསལ་པོ་བཟོས་ཡོད། ཤུལ་བཞག་རྒྱུ་དངོས་ལ་དོ་དམ་བྱེད་མཁན་གྱིས་ཕྱོགས་སོ་སོ་བར་གྱི་རྩོད་གླེང་ཇེ་ཉུང་དུ་གཏོང་ཞིང་སྣ་མང་ཅན་གྱི་ཤུལ་བཞག་རྒྱུ་དངོས་བགོ་བཤའ་རྒྱག་པའི་དགོས་མཁོ་དེ་སྐོང་ཐུབ་པས་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཕན་ནུས་ཆེན་ཆེན་པོ་ལྡན་པ་རེད། ཤུལ་བཞག་རྒྱུ་ནོར་ལ་དོ་དམ་བྱེད་མཁན་གྱི་ལམ་ལུགས་བརྒྱུད་ནས་ཆེད་ལས་ལས་ཁུངས་དང་ཆེད་ལས་མི་སྣ་ནང་འདྲེན་བྱས་ཏེ་ཤུལ་བཞག་རྒྱུ་དངོས་ཀྱི་ཤུལ་འཛིན་བྱ་བ་བདེ་བླག་ངང་བསྒྲུབ་ནུས་ཤིང་། དེ་སྔོན་གྱི་ཤུལ་དངོས་རྒྱུན་འཛིན་ཐད་གནས་པའི་འགལ་ཟླ་དང་རྩོད་གཞི་ཁག་གཅིགནུས་ལྡན་སྒོས་ཐག་གཅོད་པར་སྟབས་བདེ་སྐྲུན་པ་རེད། །

112. ཁ་ཆེམས་ལྟར་རྒན་གསོ་ཁང་ལ་ཤུལ་ནོར་འབུལ་སྤྲོད་དང་རྒན་རྒོན་གསོ་སྐྱོང་གི་གྲོས་མཐུན་ཡི་གེ་བཀོད་པ་དེས་མི་ཧྲེང་རྒན་རྒོན་གྱི་རྒན་གསོ་གནད་དོན་ཐག་གིས་གཅོད་ཐུབ་བམ།

【གྱོད་དཔེ】 ཀྲང་ལགས་ནི་བུ་བུ་མོ་གཅིག་ཀྱང་མེད་པའི་མི་ཧྲེང་རྒན་པ་ཞིག་ཡིན་སྟབས། ཀྲང་ལགས་ཀྱིས་རྒན་གསོ་ཁང་ག་གེ་མོ་ཞིག་ལ་རང་ཉིད་ཀྱི་ཚེ་མཇུག་གི་འཚོ་བར་བདག་སྐྱོང་བྱས་ཚེ། ཁོ་རང་ཚེ་ལས་འདས་རྗེས་རྒྱུ་ནོར་ཡོད་ཚད་རྒན་གསོ་ཁང་ལ་འབུལ་རྒྱུའི་གྲོས་མཆན་ཡི་གེ་བྲིས་པའི་བྱ་སྤྱོད་འདི་ཚུལ་མཐུན་ཡིན་ནམ།

【དབྱེ་ཞིབ】 《དམངས་དོན་ཁྲིམས་གཞུང》ནང་དེང་སྐབས་སྤྱོད་བཞིན་པའི་ཤུལ་འཛིན་བཅའ་ཁྲིམས་གྱི་རྨང་གཞི་སྟེང་རྒན་གསོ་བྱེད་མིའི་ཁྱབ་ཁོངས་ཇེ་ཆེར་བཏང་སྟེ། རང་བྱུང་མི་སྣ་ཡིས་ཤུལ་འཛིན་མི་སྣ་ལས་གཞན་པའི་རྩ་འཛུགས་དང་མི་སྒེར་བར་ཤུལ་ནོར་འབུལ་སྤྲོད་དང་རྒན་རྒོན་གསོ་སྐྱོང་བྱ་རྒྱུའི་གྲོས་མཐུན་ཡི་གེ་འབྲི་ཆོག་ལ། རྩ་འཛུགས་དེ་དང་མི་སྒེར་གྱིས་རང་བྱུང་མི་སྣར་བདག་སྐྱོང་དང་གཤིན་ཆོས་བསྒྲུབ་རྒྱུའི་འོས་འགན་ལེགས་པོ་སྒྲུབ་ཚེ་ཤུལ་ནོར་བེད་སྤྱོད་ཀྱི་ཁེ་དཔང་ཡོད་པ་རེད། ཤུལ་ནོར་འབུལ་སྤྲོད་དང་རྒན་རྒོན་གསོ་སྐྱོང་གི་གྲོས་མཐུན་ལམ་ལུགས་ནི་དེང་སྤྱོད་ཀྱི་ཤུལ་འཛིན་བཅའ་ཁྲིམས་ཀྱིས་ཁས་ལེན་བྱེད་པའི་བཅའ་ཁྲིམས་ཀྱི་ལམ་ལུགས་ཤིག་རེད། 《དམངས་དོན་ཁྲིམས་གཞུང》ནང་རྒན་གསོ་བྱེད་མིའི་ཁྱབ་ཁོངས་རྒྱ་སྐྱེད་པ་ནི། ཕྱོགས་གཅིག་ནས་རང་རྒྱལ་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཕྱོགས་གཞན་ཞིག་ནས་རྒན་རྒོན་རྣམས་ཀྱི་འདོད་བློ་ལ་བརྩི་བཀུར་དང་། བཅའ་ཁྲིམས་ཀྱིས"རྒས་དུས་འཚོ་རྟེན་ཡོད་པའི"དམིགས་འབེན་མངོན་འགྱུར་བྱེད་པར་ཧུར་ཐག་སྒོས་ནུས་པ་འདོན་བཞིན་ཡོད་པ་མཚོན།

113.སློབ་མས་སློབ་གྲྭའི་བྱ་འགུལ་ནང་ཞུགས་ཏེ་རྨས་སྐྱོན་བྱུང་ན་ཇི་ལྟར་བྱ།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་དོན་དྲུག་པའི་གཏན་འབེབས་ལྟར་ན། རང་མོས་སྒོས་ཉེན་ཁ་ངེས་ཅན་ལྡན་པའི་ལུས་རྩལ་བྱ་འགུལ་ནང་ཞུགས་ཤིང་། བྱ་འགུལ་ནང་ཞུགས་མཁན་གྱི་མི་གཞན་པའི་བྱ་སྤྱོད་ལ་ཕོག་ཐུག་བཟོས་པ་ཡིན་ན། རྨས་སྐྱོན་ཕོག་ཐུག་ཕོག་མཁན་གྱིས་བྱ་འགུལ་ནང་ཞུགས་མཁན་གྱི་མི་གཞན་དག་ལ་དབང་གནོད་ཁག་འགན་འཁུར་དགོས་པའི་རེ་བ་ཞུ་མི་ཆོག འོན་ཀྱང་བྱ་འགུལ་ནང་ཞུགས་མཁན་གཞན་དག་གིས་བསམ་གཟས་ནས་ཕོག་ཐུག་བཟོས་པའམ་ཚད་ལས་བརྒལ་བའི་བྱ་སྤྱོད་ཀྱིས་ཕོག་ཐུག་བཏང་བའི་རིགས་འདིིའི་ནང་དུ་མི་འདུ། སློབ་གྲྭས་འགན་འཁུར་དགོས་མིན་དེ་གཙོ་བོར་སློབ་གསོ་དོ་དམ་གྱི་འགན་འཁུར་ཡོད་མེད་ལ་བལྟ་དགོས་ཏེ། གཅིག་ནི་ལུས་རྩལ་བྱ་འགུལ་འདི་ལ་ཉེན་ཁ་ཆེན་པོ་ལྡན་མིན་དང་། གཉིས་ནི་ལུས་རྩལ་དགེ་རྒན་གྱིས་སློབ་མར་བྱ་འགུལ་དང་འབྲེལ་བའི་ནུས་རྩལ་ཁྲིད་ཡོད་མེད། གསུམ་ནི་ཡུལ་དངོས་ལ་མངོན་མིན་བདེ་འཇགས་ཀྱི་གནད་དོན་ཡོད་མེད། བཞི་ནི་ཡུལ་དངོས་ནས་དགེ་རྒན་གྱིས་བལྟ་རྟོག་དོ་དམ་བྱས་ཡོད་མེད་སོགས་ལ་བལྟ་དགོས་པ་རེད།

114.ཅི་ནན་གྲོང་ཁྱེར་གྱི་གྲོང་མི་ལུའི་ཆེ་གེ་མོས་རང་གི་བུ་མོར“པེ་ཡན་ཡུན་དབྱི”ཞེས་བཏགས་པར་མངགས་གཏོང་ཁང་གིས་རུས་མིང་དེ་ཐེམ་ཐོ་ཐོ་འགོད་ཀྱི་ཆ་རྐྱེན་དང་མི་མཐུན་ཞེས་ཐོ་འགོད་དང་ལེན་མ་བྱས། དེ་ན་མངགས་གཏོང་ཁང་གི་བྱེད་སྟངས་ལ་བཅའ་ཁྲིམས་ཀྱི་གཞི་འཛིནས་ཡོད་དམ།

《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་བྱས་པ་ལྟར་ན། རང་བྱུང་མིས་རུས་མིང་གི་བཀོལ་དཔང་དང་བེད་སྤྱོད་བྱེད་པར་སྤྱི་སྒྲིག་སྲོལ་བཟང་དང་འགལ་མི་རུང་བ་རེད། རུས་མིང་ནི་རིགས་རུས་དང་མིང་གཉིས་ཀྱིས་གྲུབ་ཞིང་། རིགས་རུས་ནི་གཙོ་བོ་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བ་ཞིག་དང་། མིང་ནི་རང་འདོད་ལྟར་འདོགས་ཆོག་པས་གཙོ་བོ་ཕ་མ་གཉིས་ཀྱིས་བཏགས་པ་ཞིག་རེད། ཀྲུང་གོ་བས་རིགས་རུས་རྒྱུད་འཛིན་ལ་མཐོང་ཆེན་དང་བརྩི་བཀུར་བྱེད་པ་ནི། ཁྲག་རྒྱུན་འབྲེལ་བ་དང་ཉེ་འབྲེལ་གྱི་འབྲེལ་བ་མཚོན་པ་ལས་གཞན། ཕུན་སུམ་ཚོགས་པའི་རིག་གནས་སྲོལ་རྒྱུན་དང་མི་ཆོས་འདུ་ཤེས། མི་ཆོས་བརྩེ་བ་མཚོན་པར་བྱས་ཡོད་ལ། གཙོ་རྒྱུགས་ཀྱི་རིན་ཐང་འདུ་ཤེས་དང་མཐུན་པར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སེམས་པ་གཅིག་ལ་ཕྱོགས་པ་དང་གོང་བུ་གཅིག་ཏུ་འགྲིལ་བའི་རྟགས་མཚོན་ལྟ་བུ་ཡིན་པས། གནས་ལུགས་ཚུལ་མཐུན་མིན་པའམ་རང་སྣང་རང་དྲན་ལྟར་རིགས་རུས་འདེམས་པའམ་གསར་བཟོ་བྱས་ཚེ། རིག་གནས་རྒྱུན་འཛིན་དང་མི་ཆོས་འདུ་ཤེས་བར་འགལ་བ་བཟོ་སྲིད་པ་མ་ཟད། སྤྱི་ཚོགས་སྒྲིག་སྲོལ་ལ་སྲུང་སྐྱོང་དང་སྤྱི་ཚོགས་ལ་དོ་དམ་ཚོད་འཛིན་བྱེད་པར་བར་ཆད་བཟོ་སྲིད་པ་རེད། །

115.ཨ་ལི་པཱ་པཱ་སྡེ་ཚོགས་ཀྱིས"མཱ་ཡོན"ཞེས་པའི་ཡིག་འབྲུ་འདི་གཉིས་ཚོང་རྟགས་ལ་ཐོ་འགོད་བྱ་རྩིས་ཡོད་པས་བྱ་སྤྱོད་འདི་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་དམ།

《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་བྱས་པ་ལྟར་ན། རང་བྱུང་མི་ཡིས"མི་གཞན་ལ་རང་ཉིད་ཀྱི་མིང་བེད་སྤྱོད་བྱ་ཆོག"པའི་ཆོག་མཆན་སྟེར་དཔང་ཡོད་པ་ནི་སྔར་ལས་ལྷག་པར་མི་གཤིས་ཁེ་ཕན་གྱི་དཔལ་འབྱོར་རིན་ཐང་ཡོད་པ་གསལ་བོ་བསྟན་ཡོད། དུས་ཀྱི་འཕེལ་རྒྱས་དང་བསྟུན་ནས་རུས་མིང་དེ་རང་བྱུང་མི་ཡི་ཐོབ་ཐང་མཚོན་པ་ལས་གཞན། རང་བྱུང་མི་ཡི་སྤྱི་ཚོགས་ཐོབ་ཐང་དང་ཤུགས་རྐྱེན་ཐེབས་ཚད་ལས་དཔལ་འབྱོར་གྱི་རིན་ཐང་མངོན་པ་རེད། ཨ་ལི་པཱ་པཱ་སྡེ་ཚོགས་ཀྱིས"མཱ་ཡོན"ཞེས་པའི་ཡིག་འབྲུ་འདི་གཉིས་ཚོང་རྟགས་ཀྱི་མིང་ཐོ་འགོད་བྱ་རྩིས་ཡོད་པ་འདི་ནི་མི་གཤིས་དང་རྒྱུ་ནོར་ཟུང་དུ་སྦྲེལ་བའི་རྟགས་མཚོན་ལྟ་བུ་རེད།

116、 “ཁང་པ་ལ་བརྟེན་ནས་རྒན་གསོ”བྱེད་པའི་གཡོ་ཇུས་ཀྱིས་རྒན་རྒོན་གྱི་ཁང་པ་གཡོ་ལེན་བྱས་པར《དམངས་དོན་ཁྲིམས་གཞུང》ནང་རྒན་རྒོན་གྱི་སྡོད་གནས་དབང་ཆ་ཇི་ལྟར་སྲུང་སྐྱོང་བྱས་པ་ཡིན།

【གྱོད་དཔེ】 པེ་ཅིང་གི་ཀུང་སི་ག་གེ་མོས“ཁང་པ་ལ་བརྟེན་ནས་རྒན་གསོ”བྱ་ཆོག་ཅེས་རྒན་རྒོན་ཚོར་ཁང་པ་གཏའ་མ་འཇོག་ཏུ་བཅུག་ནས་མགོ་སྐོར་བཏང་པ་རེད། དངུལ་བུན་ཀུང་སིས་རྒན་རྒོན་ཚོའི་ཁྱིམ་དུ་བུ་ལོན་ལེན་དུ་ཡོང་བའམ་སྒོ་ཕྱིར་ཕུད་རག་བར་དོན་དག་ཅི་ཞིག་བྱུང་བ་ཧ་གོ་མེད་ལ། གཡོ་འོག་ཏུ་ཚུད་པའི་མ་དངུལ་འབོར་ཆེན་དེའང་གར་སོང་ཆ་མེད་དུ་གྱུར་བ་རེད།

【དབྱེ་ཞིབ】《དམངས་དོན་ཁྲིམས་གཞུང》ནང་དངོས་པོའི་བདག་དབང་ཐད་ཆེད་དུ“གནས་སྡོད་དབང་ཆ”གཏན་འབེབས་བྱས་ཡོད་དེ། དོན་ཚན་སུམ་བརྒྱ་དང་རེ་དྲུག་པའི་ནང“གནས་སྡོད་དཔང་མི་ལ་གན་རྒྱའི་ནང་ཁ་ཆད་བཞག་པ་ལྟར་མི་གཞན་ལ་སྡོད་ཁང་བདག་བཟུང་དང་བེད་སྤྱོད་ཁེ་ལེན་གྱི་དབང་ཆ་ཡོད་པས་འཚོ་བའི་སྡོད་གནས་ཀྱི་དགོས་མཁོ་སྐོང་ཆོག་པའི་དབང་ཆ་ཡོད”ཅེས་དང་། དོན་ཚན་སུམ་བརྒྱ་དང་རེ་བདུན་པའི་ནང་། “གནས་སྡོད་དབང་ཆ་བཙུགས་པར་དོ་བདག་གིས་ངེས་པར་དུ་ཡིག་ཐོག་ནས་གནས་སྡོད་བྱེད་དབང་སྐོར་གྱི་གན་རྒྱ་འཇོག་དགོས”ཞེས་གཏན་འབེབས་བྱས་ཡོད། རྒན་རྒོན་གྱིས་གཉེན་ཉེའམ་ཡང་ན་དམིགས་འཛུགས་མི་སྣར་གནས་སྡོད་དབང་ཆ་སྤྲད་ཡོད་ཚེ། རྒན་རྒོན་རྣམས་ཚེ་ལས་འདས་རྗེས་ཁང་པ་དེ་བུ་ཕྲུག་གིས་རྒྱུན་འཛིན་བྱས་ཡོད་ནའང་གཉེན་ཉེའམ་ཡང་ན་དམིགས་བཙུགས་མི་སྣར་སྔར་བཞིན་གནས་སྡོད་དབང་ཆ་ཡོད་པ་རེད། གལ་ཏེ་རྒན་རྒོན་གྱི་བུ་ཕྲུག་ལ་གཏན་འཇགས་རྒྱུ་ནོར་གྱི་ལག་ཁྱེར་རག་ཡོད་ནའང་གནས་སྡོད་དབང་ཆ་དེ་མི་ཚེ་གང་བོ་ཡིན་ཚེ། གཉེན་ཉེའམ་ཡང་ན་དམིགས་འཛུགས་མི་སྣ་ཚེ་ལས་འདའ་རག་བར་འདུག་ཆོག་པ་རེད། གཞན་ཡང་གནས་སྡོད་དབང་ཆ་བཙུགས་པའི་ཁང་པ་དེ་གན་རྒྱའི་ནང་གནས་སྡོད་བྱེད་དབང་གཏན་འཁེལ་བྱས་པའི་དུས་བཀག་ནང་ཚུར་བསྡུ་མི་ཆོག་ལ། བོགས་གཏོང་གན་རྒྱ་བརྟན་པོ་མེད་པའི་གནས་ཚུལ་འབྱུང་བར་སྔོན་འགོག་བྱ་དགོས། གལ་ཏེ་གནས་སྡོད་བྱེད་དབང་ལ་བཙན་གནོད་ཕོག་ཚེ་གནས་སྡོད་དཔང་མིས་ཐད་ཀར་དུ་དངོས་པོའི་བདག་དབང་ཞུ་འབུལ་བྱེད་དབང་ཡོད་པ་མ་ཟད། གཏུག་བཤེར་ཞུས་འཐུས་ཀྱི་ཡུན་ཚད་ལ་ཚོད་འཛིན་མི་ཐེབས་པ་རེད། གནས་སྡོད་དབང་ཆ་དེ་བེད་སྤྱོད་ཁེ་ལེན་བདག་དབང་ལ་དོན་སྙིང་གལ་ཆེན་ལྡན་པ་གསལ་བོར་ཤེས་སུ་འཇུག་དགོས། རྒན་རྒོན་ཚོས་སྡོད་ཁང་གི་བདག་དབང་སྤོ་སྒྱུར་བྱེད་པ་དང་ཆབས་ཅིག་གནས་སྡོད་དབང་ཆ་བཙུགས་ནས་སྡོད་ཁང་ལ་ཡུན་རིང་དང་བརྟན་བརླིང་གི་གནས་སྡོད་དབང་ཆ་སྤྱོད་ཆོག་པ་རེད།

117、རིམས་ནད་བཀག་སྡོམ་སྐབས་ཁང་བདག་དང་སྡེ་ལས་གཉིས་ཀྱིས་ཇི་ལྟར་ཧུར་བརྩོན་བྱ་དགོས།

【གྱོད་དཔེ】རིམས་ནད་བྱུང་སྐབས་ཧའར་པིན་གྱིས་ལྟ་སྐུལ་ཁྲིད་སྟོན་གྱི་ཞིབ་བཤེར་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་མི་བྱེད་པ་དང་དམིགས་སར་མ་འབྱོར་བའི་སྡེ་ཁུལ28ཀྱི་སྡེ་ལས་ཞབས་ཞུའི་ཁེ་ལས་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་། བྱེད་ཐབས་ཡང་དག་བཀོལ་བ་གནད་ལ་ཁེལ་བའི་སྡེ་ཁུལ91ཡི་སྡེ་ལས་ཞབས་ཞུའི་ཁེ་ལས་ལ་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་རེད།

【དབྱེ་ཞིབ】 གཞི་རིམ་སྡེ་ཁུལ་གྱི“འགོག་སྲུང་དྲ་བ”ཚགས་དམ་དུ་བཏང་ན་གཞི་ནས་རིམས་ནད་བསྐྱར་དུ་མི་ཐོན་ཞིང་སྔོན་འགོག་གི་ནུས་པ་ངེས་ཅན་ལྡན་པ་རེད། 《དམངས་དོན་ཁྲིམས་གཞུང་》ནང་སྡེ་ལས་ཞབས་ཞུའི་ཁེ་ལས་སམ་ཡང་ན་དོ་དམ་བྱེད་མི་གཞན་པས་སྲིད་གཞུང་གིས་ཁྲིམས་ལྟར་ལག་བསྟར་བྱེད་པའི་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་དང་དོ་དམ་བྱ་ཐབས་གཞན་དག་ལག་བསྟར་དོན་འཁྱོལ་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་པར་ཧུར་ཐག་སྒོས་གཞོགས་འདེགས་དམ་ཟབ་བྱ་དགོས་པ་མ་ཟད། ཁང་བདག་གིས་བཅའ་ཁྲིམས་ལྟར་གཞོགས་འདེགས་བྱ་དགོས་ཞེས་གཏན་འབེབས་བྱས་ཡོད། རིམས་ནད་བཀག་སྡོམ་ཚུད་པའི་འཕྲལ་སྡོམ་དང་དོ་དམ་བྱེད་ཐབས་ཐད《དམངས་དོན་ཁྲིམས་གཞུང》ནང་སྡེ་ལས་ཀྱིས་སྲིད་གཞུང་ལ་འབྲེལ་ཡོད་ལས་དོན་སྤེལ་པར་གཞོགས་འདེགས་དམ་ཟབ་བྱ་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་མ་ཟད། ཕྱོགས་གཞན་ཞིག་ནས་ཁང་བདག་གིས་ཀྱང་གཞོགས་འདེགས་དམ་ཟབ་བྱེད་དགོས་ལ། དེ་ལྟར་བྱས་ཚེ་རྒྱལ་ཁབ་ཀྱིས་རིམས་ནད་བཅོས་སྐྱོང་བྱེད་པའི་དམིགས་ཚད་དེ་ཞིབ་ཕྲའི་དོན་ཚན་རེ་རེ་དང་ལྷུ་ཚིགས་རེ་རེའི་ཐོག་མངོན་འགྱུར་བྱ་ཐུབ་པ་རེད། །

118、ཟ་མ་བཟའ་མཁན་གྱིས་དངུལ་མ་སྤྲད་ན་ཚོང་བདག་གིས་ཕ་རོལ་གྱི་རྒྱུ་ནོར་བཀག་ཉར་བྱ་ཆོག་གམ།

བྱ་ཆོག་སྟེ། 《དམངས་དོན་ཁྲིམས་གཞུང་》ཀྱི་དོན་ཚན་ཆིག་སྟོང་ཆིག་བརྒྱ་དང་དོན་བདུན་པའི་ནང་། ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའམ་གནས་ཚུལ་ཛ་དྲག་ཡིན་སྐབས་དུས་ཐོག་ཏུ་རྒྱལ་ཁབ་ལས་ཁུངས་ཀྱི་སྲུང་སྐྱོང་ཐོབ་མི་ཐུབ་པ་དང་། འཕྲལ་མར་བྱེད་ཐབས་མ་སྤྱད་ན་ཁྲིམས་མཐུན་ཁེ་དབང་ལ་གསབ་ཐབས་བྲལ་བའི་གྱོང་གུན་ཐེབས་པའི་གནས་ཚུལ་འོག གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དགོས་ངེས་ཀྱི་ཁྱབ་ཁོངས་འོག གནོད་འཚེ་གཏོང་མཁན་གྱི་རྒྱུ་ནོར་ལ་ལུགས་མཐུན་གྱིས་བཀག་ཉར་བྱ་ཆོག་མོད། ཡིན་ནའང་འཕྲལ་མར་འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ལ་ཐག་གཅོད་བྱེད་རེ་ཞུ་དགོས། གནོད་འཚེ་ཕོག་མཁན་གྱིས་ཚུལ་མིན་གྱི་བྱེད་ཐབས་སྤྱད་པ་ལས་གཞན་ལ་གནོད་འཚེ་བཟོས་ཚེ་གཞན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་འགན་འཁྲི་འཁུར་དགོས།

119、ཀུང་ཟི་ག་གེ་མོ་ཞིག་གིས་ཐོན་སྐྱེད་བྱས་པའི་གག་པགས་དང་སུག་སྡེར་སོགས་ཀྱི་ཐོན་རྫས་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཙོང་མི་ཆོག་པའམ་ཚོང་ཟོག་ཚུར་བསྡུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་འཛིན་གྱི་གཞི་འཛིནས་ས་ཅི་ཞིག་ཡིན།

《དམངས་དོན་ཁྲིམས་གཞུང》ནང་ཐོན་རྫས་ལ་ཞན་ཆ་ཡོད་པ་ལས་མི་གཞན་ལ་གནོད་སྐྱོན་བཟོས་ན་ཐོན་སྐྱེད་བྱེད་མཁན་གྱིས་དབང་གནོད་ཁག་འགན་འཁུར་དགོས། ཐོན་རྫས་ཚོང་རར་བཀྲམ་རྗེས་ཞན་ཆ་ཡོད་པ་ཤེས་ཚེ། ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱིས་དུས་ཐོག་ཏུ་ཕྱི་འཚོང་བྱེད་མཚམས་འཇོག་པའམ། ཉེན་བརྡ་གཏོང་བ། ཕྱིར་བསྡུ་བྱེད་པ་སོགས་གསབ་བཅོས་ཀྱི་བྱེད་ཐབས་སྤྱོད་དགོས། གལ་ཏེ་དུས་ཐོག་ཏུ་གསབ་བཅོས་བྱེད་ཐབས་མ་སྤྱད་པའམ་གསབ་བཅོས་བྱེད་ཐབས་སྤྱོད་ཤུགས་མི་འདང་བ་ལས་གྱོང་གུན་ཇེ་ཆེར་བཏང་བ་ཡིན་ན། གྱོང་གུན་ཇེ་ཆེར་བཏང་བའི་གནོད་སྐྱོན་ལའང་དབང་གནོད་ཁག་འགན་འཁུར་དགོས། གོང་གསལ་གྱི་གཏན་འབེབས་ལྟར་ཕྱིར་བསྡུ་བྱས་པ་ཡིན་ན། ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱིས་གནོད་འཚེ་ཕོག་མཁན་ལ་དེ་དང་འབྲེལ་བའི་དགོས་ངེས་ཀྱི་འགྲོ་གྲོན་གཏོང་འགན་འཁུར་དགོས།

120、ཞའོ་ཝང་གིས་རང་ཉིད་ལ་དྲ་ཚིགས་ག་གེ་མོ་ཞིག་གི་སྟེང་དུ་མི་ཞིག་གིས་དྲ་རྒྱའི་སྐུར་འདེབས་དང་སྡིག་དམོད་བྱས་ཏེ་མཚན་སྙན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཤེས། ཞའོ་ཝང་གིས་དྲ་ཚིགས་འདིར་ཞུ་གཏུག་བྱ་ཆོག་གམ།

བྱ་ཆོག་སྟེ།《དམངས་དོན་ཁྲིམས་གཞུང》ནང་དུ། དྲ་རྒྱ་སྤྱོད་མཁན་དང་དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་དྲ་སྦྲེལ་ལ་བརྟེན་ནས་མི་གཞན་གྱི་དམངས་དོན་ཁེ་དབང་ལ་གནོད་སྐྱོན་བཏང་ན། དབང་གནོད་ཁག་འགན་འཁུར་དགོས། བཅའ་ཁྲིམས་ནང་ཟུར་དུ་གཏན་འབེབས་བྱས་ཡོད་ན་དེ་ལྟར་བྱ་རྒྱུ། དྲ་རྒྱ་སྤྱོད་མཁན་གྱིས་དྲ་བའི་ཞབས་ཕྱི་བེད་སྤྱོད་བྱས་ཏེ་དབང་ཆར་བཙན་གནོད་བྱེད་པའི་བྱ་སྤྱོད་དངོས་སུ་སྤེལ་བ་ཡིན་ན་ཁེ་དབང་འཛིན་མཁན་གྱིས་དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་ནང་དོན་བསུབ་པའམ། འགེབས་པ། འབྲེལ་ཐག་གཅོད་པ་སོགས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་པའི་བརྡ་ཐོ་བཏང་ཆོག བརྡ་ཐོའི་ནང་ཁེ་དབང་ལ་བཙན་གནོད་བྱས་པའི་ཐོག་མའི་དཔང་རྟགས་དང་ཁེ་དབང་འཛིན་མཁན་གྱི་ཐོབ་ཐང་ངོ་མ་མཚོན་པའི་ཆ་འཕྲིན་སོགས་ཚུད་ཡོད། དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་བརྡ་ཐོ་འབྱོར་མ་ཐག་དུས་ཐོག་ཏུ་བརྡ་ཐོ་དེ་དང་འབྲེལ་བ་ཡོད་པའི་དྲ་སྦྲེལ་སྤྱོད་མཁན་ལ་བརྒྱུད་སྤྲོད་བྱ་དགོས་པར་མ་ཟད། དབང་གནོད་གྲུབ་པའི་ཐོག་མའི་བདེན་དཔང་དང་ཞབས་ཞུའི་རིགས་དབྱེ་ལ་གཞིགས་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས། དུས་ལྟར་དགོས་ངེས་ཀྱི་བྱེད་ཐབས་མ་སྤྱད་པ་ཡིན་ན་གནོད་སྐྱོན་ཇེ་ཆེར་གཏོང་བའི་ཁག་དང་དྲ་སྦྲེལ་སྤྱོད་མཁན་དེ་དང་ལྷན་དུ་གཅིག་འབྲེལ་གྱི་འགན་འཁྲི་འཁུར་དགོས། ཁེ་དབང་འཛིན་མཁན་གྱིས་བརྡ་ཐོ་ནོར་འཁྲུལ་ཅན་བཏང་བ་ལས་དྲ་རྒྱ་སྤྱོད་མཁན་ནམ་ཡང་ན་དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་གནོད་སྐྱོན་བཟོས་ན། དབང་གནོད་ཁག་འགན་འཁུར་དགོས། བཅའ་ཁྲིམས་ནང་ཟུར་དུ་གཏན་འབེབས་བྱས་ཡོད་ན་དེ་ལྟར་བྱ་རྒྱུ། དྲ་རྒྱ་སྤྱོད་མཁན་ལ་བརྒྱུད་སྤྲོད་བྱ་རྒྱུའི་བརྡ་ཐོ་འབྱོར་རྗེས། དྲ་ཐོག་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་དབང་གནོད་བྱ་སྤྱོད་སྤེལ་མེད་པའི་གསལ་བསྒྲགས་ཕུལ་ཆོག གསལ་བསྒྲགས་དེའི་ནང་དབང་གནོད་བྱ་སྤྱོད་སྤེལ་མེད་པའི་ཐོག་མའི་དཔང་རྟགས་དང་དྲ་རྒྱ་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་མཚོན་པའི་ཆ་འཕྲིན་སོགས་ཚུད་དགོས། དྲ་ཐོག་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་གསལ་བསྒྲགས་འབྱོར་མ་ཐག་གསལ་བསྒྲགས་དེ་བརྡ་ཐོ་བཏང་བའི་ཁེ་དབང་འཛིན་མཁན་ལ་བརྒྱུད་འབུལ་བྱ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུག་བྱེད་པའམ་ཡང་ན་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱ་ཆོག་ཅེས་གསལ་བོ་བཤད་དགོས། དྲ་སྦྲེལ་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་གསལ་བསྒྲགས་བརྒྱུད་སྤྲོད་བྱས་ནས་ཁེ་དབང་འཛིན་མཁན་གྱི་ལག་ཏུ་འབྱོར་རྗེས་ཀྱི་ལུགས་མཐུན་དུས་ཡུན་ནང་ཁེ་དབང་འཛིན་མཁན་གྱིས་ཞུ་གཏུག་བྱས་ཟིན་པའམ་ཡང་ན་གཏུག་བཤེར་བྱ་རྒྱུའི་བརྡ་ཐོ་མ་འབྱོར་ཚེ། དུས་ཐོག་ཏུ་བྱ་ཐབས་སྤྱོད་མཚམས་འཇོག་དགོས། (མུ་འགོད།)