“དོན་དངོས་ཐོག་ངས་བསྒྲུབས་པའི་བྱ་བ་ཤོད་རིན་མེད། ངས་ཡིད་སྨོན་ངོ་མ་སྐྱེ་ས་ནི་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱས་ནས་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་དག་ཡིན”ཞེས་སྐལ་བཟང་རྣམ་རྒྱལ་གྱིས་བཤད།
2017ལོར་སྐལ་བཟང་རྣམ་རྒྱལ་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རིག་གནས་ཅུས་སུ་ཡོང་ནས་རི་བོ་ཆེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་སྲུང་སྐྱོང་གི་ལས་འགན་འཁུར་བ་རེད། “དང་ཐོག་ངས་ལས་ཀ་དེའི་ཐད་ངོས་འཛིན་དེ་ལྟར་བྱེད་ཀྱི་ཡོད་པ་སྟེ། གཤམ་སྐྱོད་བྱས་ནས་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་བྱས་ཏེ་ཚུར་ལོག་རྗེས་འཚོལ་བསྡུ་ཐུབ་པའི་ཆ་འཕྲིན་ཟིན་ཐོར་ཡག་པོ་བཀོད་ན་འགྲིག་སྙམ་གྱི་ཡོད”བསམ་ཡུལ་ལས་འདས་པ་ཞིག་ལ་ལས་དོན་དེ་དག་ཡག་པོ་སྒྲུབ་པར་འབྲེལ་ཡོད་ལོ་རྒྱུས་རིག་གནས་ཀྱི་རྒྱབ་ལྗོངས་དང་སྲུང་སྐྱོབ་སྲོལ་ཡིག་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། དེས་མ་ཚད་ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱས་རྗེས་བསམ་ཚོད་ལས་འདས་པའི་རྒྱུ་རྐྱེན་མང་པོ་ཞིག་ལས་ང་རང་ལ་དོགས་གཞི་མང་པོ་སྐྱེས་བྱུང་ཞེས་སྐལ་བཟང་རྣམ་རྒྱལ་གྱིས་གསར་འགོད་པར་བཤད།
2018ལོའི་དགུན་ཁར་སྐལ་བཟང་རྣམ་རྒྱལ་རི་བོ་ཆེ་རྫོང་ཟམ་ཁ་ཤང་སྒ་སྡེ་རང་བྱུང་གྲོང་ཚོར་ས་གནས་དེ་གའི་བོད་ཀྱི་རྫ་དམར་བཟོ་བའི་ལག་རྩལ་རྒྱུན་འཛིན་གནས་ཚུལ་ཤེས་རྟོགས་བྱས་ཏེ་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་ཐུབ་མིན་བལྟས་པ་རེད། ཉིན་དེའི་ཞོགས་པ་ཁོང་དང་ཁ་ལོ་བ་སྔ་ས་ནས་རྟོག་ཞིབ་བྱ་ཡུལ་དུ་བསྐྱོད་མོད། འོན་ཀྱང་ལམ་བར་དུ་གངས་ཆེན་པོ་བབས་ནས་ནམ་རྒྱུན་ཆུ་ཚོད་4ལས་མི་འགོར་བའི་ལམ་དེར་ཉིན་གཅིག་འགོར།
ཉིན་གཉིས་པར་སྐལ་བཟང་རྣམ་རྒྱལ་རྫ་བཟོ་བ་བགྲེས་སོང་ཚེ་རིང་མཚོ་མོའི་སར་ལག་རྩལ་དེའི་སྐོར་ཤེས་རྟོགས་བྱེད་པར་བསྐྱོད། བགྲེས་སོང་གིས་རྫ་ཆས་སྙིང་རྗེ་པོ་ཞིག་བཟོས་པ་མཐོང་སྐབས་སྐལ་བཟང་རྣམ་རྒྱལ་རང་དབང་མེད་པར་དད་གུས་ཚད་མེད་སྐྱེས། “གྲོང་ཚོའི་ནང་བགྲེས་སོང་ཚེ་རིང་མཚོ་མོས་མ་གཏོགས་བོད་ཀྱི་རྫ་དམར་བཟོ་བའི་ལག་རྩལ་ཤེས་མཁན་མེད་པ་དང་། ཁོང་ལོ་ན་བགྲེས་པས་ལག་རྩལ་དེ་སྟོངས་པའི་གནས་ཚུལ་ཐོན་སྲིད་པ་ཤེས་སྐབས་གློ་བུར་དུ་གཞི་རིམ་གྱི་རིག་གནས་ལས་དོན་པ་ཞིག་གི་ངོས་ནས་འབད་བརྩོན་བྱེད་པའི་དོན་སྙིང་རྟོགས་བྱུང”ཞེས་སྐལ་བཟང་རྣམ་རྒྱལ་གྱིས་བཤད།
དེ་རྗེས་ཀྱི་ཉིན་བཅུ་གྲངས་ནང་སྐལ་བཟང་རྣམ་རྒྱལ་གྱིས་རང་ཉིད་ཀྱི་ཆེད་ལས་ཀྱི་ཐོག་ནས་ཡི་གེ་དང་། པར་རིས། སྒྲ་འཇུག པར་ལེན། བརྙན་ཕབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྒ་སྡེ་གྲོང་ཚོའི་བོད་ཀྱི་རྫ་དམར་བཟོ་བའི་ལག་རྩལ་ལ་ཡོངས་ཁྱབ་རྣམ་པའི་ཟིན་ཐོ་འགོད་པ་དང་དེ་བཞིན་ཕྱོགས་བསྡུས་བརྟག་དཔྱད་བྱས་པ་དང་འབྲེལ། རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ཕུལ་བ་རེད། དེས་མ་ཚད། ད་དུང་ཁོང་གིས་ཤུལ་བཞག་འདུན་ཞུའི་ལས་དོན་ལེགས་གྲུབ་བྱུང་རྗེས་གྲོང་ཚོ་ནས་ལག་རྩལ་དེ་སྦྱོང་འདོད་པའི་དགེ་ཕྲུག་ཚེ་རིང་ཆོས་རྒྱལ་བཙལ་བ་དང་དེ་རྗེས་ཚེ་རིང་ཆོས་རྒྱལ་གྱི་བུ་བློ་བཟང་ཚེ་རིང་ཡང་ཕ་ཡི་ཤུགས་རྐྱེན་འོག་རྒྱུན་འཛིན་པར་གྱུར།
2020ལོར་སྐལ་བཟང་རྣམ་རྒྱལ་སླར་ཡང་སྒ་སྡེ་གྲོང་ཚོར་ཡོང་སྐབས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ཚེ་རིང་ཆོས་རྒྱལ་གྱི་ཁྱིམ་དུ་སྐྱོད་སྐབས་གྲོང་ཚོའི་ནང་གི་གཞོན་ནུ་འགའ་ཞིག་གིས་བོད་ཀྱི་རྫ་དམར་བཟོ་བའི་ལག་རྩལ་སྦྱོང་བཞིན་ཡོད། “སྒ་སྡེའི་རྫ་དམར་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱས་པ་ནས་བཟུང་། གྲོང་ཚོའི་ནང་གི་མི་ཚོས་སྲོལ་རྒྱུན་གྱི་ལག་ཤེས་ལ་ངོས་འཛིན་གསར་པ་བྱུང་བ་དང་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པའི་སྤྲོ་སེམས་རིམ་བཞིན་འཕེལ་བས། ངས་ལག་རྩལ་དེ་སྦྱོང་འདོད་ཡོད་མཁན་ལ་བསླབས་པ་ཡིན། ད་ཆ་རྫོང་གིས་ཆེད་མངགས་བྲིན་ཚོང་བྱེད་ས་བཀོད་སྒྲིག་བྱས་པ་དང་ལོ་ལྟར་ང་ཚོ་ས་གནས་ཁག་དང་གྲོང་ཁྱེར་ཁག་གི་འགྲེམས་ཚོང་བྱེད་སྒོར་ཞུགས་སུ་བཅུག་པས། བྲིན་ཚོང་ཐབས་ལམ་རྒྱ་ཆེར་ཕྱིན་ཏེ་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་པ་དང་སྦྲགས་ཚང་མའི་སྦྱོང་སེམས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་ཚེ་རིང་ཆོས་རྒྱལ་གྱིས་བཤད།
2017ལོ་ནས་2022ལོའི་བར་རི་བོ་ཆེ་རྫོང་རིག་གནས་ཅུས་སུ་ལས་ཀ་བྱེད་པའི་ལོ་དྲུག་གི་དུས་ཚོད་ནང་སྐལ་བཟང་རྣམ་རྒྱལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་ཁག་68ཀྱི་བརྟག་དཔྱད་ལས་འགན་འཁུར་བ་དང་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་40གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པ་རེད།

