国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年08月04日

ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།

བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་ཆབ་མདོའི་ཡུན་རིང བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་སྒུལ་ཤུགས་འདོན་པ་དང་སྣང་བརྙན་བསྐྲུན་དགོས།་

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས3ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ངོས་འཛིན་སྔར་བས་མཐོར་གཏོང་དང་། འགན་འཁྲི་ཁ་གསལ། བྱ་ཐབས་དོན་འཁྱོལ་བཅས་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཆེད་སྒུལ་ཤུགས་འདོན་པ་དང་སྣང་བརྙན་བསྐྲུན་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཅྰ་ཤིན་ཡུས། གྲོང་སྤྱི་གཞོན་པ་ཝེ་ཆང་བཅས་ཚོགས་འདུར་ཞུགས་ཡོད། ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་འོས་སྦྱོར་མིང་ཐོ་ཁག་ལྔ་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་གཞུང་དོན་ཁང་གི་བརྡ་ཐོའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་ཅུད་དང་། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུད། ཁ་རུབ་ཆུས། སྨར་ཁམས་རྫོང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྣམ་འགྱུར་མཚོན་པའི་གཏམ་བཤད་བྱས་ཡོད། ཀུང་ཧུའེ་ཚའེ་ཡིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུ་ནི་བཟའ་བཅའི་བདེ་འཇགས་འཐབ་ཇུས་ཀྱི་ནང་དོན་གལ་ཆེན་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་ཅིག་ཀྱང་ཡིན་པས་བཟའ་བཅའི་བདེ་འཇགས་འགན་ལེན་ཆུ་ཚད་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་གྲོང་ཁྱེར་ཞིག་གི་སྤྱི་ཡོངས་བཟའ་བཅའི་བདེ་འཇགས་ཆུ་ཚད་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་གཟི་བརྗིད་མཚན་སྙན་ཞིག་ཀྱང་ཡིན་པས་ཆབ་མདོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་སྔ་བར་ཕྱི་གསུམ་དུ་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟའ་བཅའི་བདེ་འཇགས་སྐོར་གྱི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་གཅོད་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས་བཅས་ཀྱི་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་དེ་བཟའ་བཅའི་བདེ་འཇགས་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས“མི་དམངས་ཀྱི་ཆེད་དུ་འཛུགས་གཏོད་བྱེད་པ་དང་། མི་དམངས་ལ་བརྟེན་ནས་འཛུགས་གཏོད་བྱེད་པ། འཛུགས་གཏོད་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་སྲོག་རྩ་བརྟན་པོ་བསྲུངས་ནས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་པ་དང་། ངེད་གྲོང་ཁྱེར་གྱི་བཟའ་བཅའི་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཆབ་མདོའི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་བསྣན་དགོས་ཞེས་བསྟན།