(ཚགས་པར་གོང་མར་མཐུད།)
83.རྒན་པར་བསྙེན་བཀུར་མི་བྱེད་པའི་རིགས་ལ་ཤུལ་བཞག་རྒྱུ་དངོས་ཀྱི་སྐལ་ཐོབ་བམ།
བསྙེན་བཀུར་གྱི་ནུས་པ་དང་ཆ་རྐྱེན་ཡོད་པའི་ཤུལ་འཛིན་མཁན་གྱིས་གསོ་སྐྱོང་འོས་འགན་མི་འཁུར་བ་ཡིན་ན། ཤུལ་བཞག་རྒྱུ་དངོས་བགོ་སྐབས་མི་བགོ་བའམ་ཡང་ན་ཉུང་ངུ་བགོ་དགོས།
84.འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་ཕྱོགས་དེ་བྲོས་བྱོལ་བྱ་བསམ་པའི་སྐབས་སུ་གནོད་འཚེ་ཕོག་མཁན་གྱིས་ཕ་རོལ་པོའི་ལྡེ་མིག་བཙན་འཕྲོག་བྱས་པའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།
ཁྲིམས་མཐུན་ཡིན། ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ཁ་ཚ་དགོས་གཏུགས་ཡིན་པ་དང་དུས་ཐོག་ཏུ་
རྒྱལ་ཁབ་ལས་ཁུངས་ཀྱི་སྲུང་སྐྱོང་ཐོབ་མི་སྲིད་པ་དང་། འཕྲལ་མར་བྱེད་ཐབས་མ་སྤྱད་ན་དེའི་ཁྲིམས་མཐུན་ཁེ་དབང་ལ་ཁ་གསབ་བྱེད་ཐབས་བྲལ་བའི་གྱོང་གུན་ཕོག་པའི་ཚེ། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་ཁྱབ་ཁོངས་ནང་དབང་ཆར་གནོད་འཚེ་གཏོང་མཁན་གྱི་ནོར་རྫས་བཀག་ཉར་བྱེད་པ་སོགས་ལུགས་མཐུན་གྱི་བྱེད་ཐབས་སྤྱོད་རྒྱུ།
འོན་ཀྱང་། འཕྲལ་མར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་ཞུ་རྒྱུའི་རེ་བ་འདོན་དགོས།
85.ལའོ་སུའུ་ཡིས་གདན་འདྲེན་ཞུས་པའི་བུ་རྫི་ཚའེ་ལགས་ལ་ལས་ཀའི་ཁྲོད་རྨས་སྐྱོན་ཕོག་པ་ཡིན་ལ། ལའོ་སུའུ་ཡིས་སྐྱིན་ཚབ་འཇལ་དགོས་སམ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་གོ་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། མི་སྒེར་གྱི་བར་དུ་ངལ་ལས་ཀྱི་འབྲེལ་བ་ཆགས་པའི་ཚེ། ངལ་ལས་མཁོ་འདོན་བྱེད་མཁན་གྱིས་ལས་ཀ་ལས་མི་གཞན་ལ་གནོད་སྐྱོན་ཕོག་ན། ངལ་ལས་དང་ལེན་བྱེད་མཁན་གྱིས་དབང་གནོད་ཀྱི་འགན་འཁུར་དགོས་ལ། དབང་གནོད་ཀྱི་འགན་འཁུར་རྗེས་བསམ་བཞིན་དུ་བྱས་པའམ་ཡང་ན་ལས་འཛོལ་ཚབས་ཆེན་བཟོས་པའི་ངལ་ལས་མཁོ་འདོན་བྱེད་མཁན་ལ་སྐྱིན་ཚབ་བདའ་འདེད་བྱས་ཆོག
ངལ་ལས་མཁོ་འདོན་ཕྱོགས་ལ་ལས་ཀའི་གནོད་སྐྱོན་བྱུང་ན། ཕྱོགས་གཉིས་ཀས་རང་སོ་སོའི་ནོར་འཛོལ་གཞིར་བཟུང་དེར་བསྟུན་གྱི་འགན་འཁྲི་འཁུར་དགོས། ངལ་ལས་མཁོ་འདོན་བྱེད་པའི་སྐབས་སུ། སྐྱེ་བོ་གསུམ་པའི་བྱ་སྤྱོད་ལས་ངལ་ལས་མཁོ་འདོན་བྱེད་མཁན་ལ་གནོད་སྐྱོན་བྱུང་ན། ངལ་ལས་མཁོ་འདོན་ཕྱོགས་ལ་སྐྱེ་བོ་གསུམ་པར་དབང་གནོད་ཁག་འགན་འཁུར་རྒྱུའི་རེ་འདུན་ཞུ་དབང་ཡོད་པ་དང་། ངལ་ལས་དང་ལེན་བྱེད་མཁན་ལ་གུན་གསབ་སྤྲོད་རྒྱུའི་རེ་ཞུ་བྱེད་དབང་ཡོད། ངལ་ལས་དང་ལེན་བྱེད་མཁན་གྱིས་གུན་གསབ་བྱས་རྗེས་སྐྱེ་བོ་གསུམ་པར་སྐྱིན་ཚབ་བདའ་འདེད་བྱས་ཆོག
(མུ་འགོད)