国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年07月21日

ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་བྱེད་པའི་ཚོགས་ཆེན་གཙོ་སྐྱོང་གནང་ནས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7པའི་ཚེས19ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་བྱེད་པའི་ཚོགས་ཆེན་གཙོ་སྐྱོང་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ལྷག་དོན་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སྟོབས་ཤུགས་གཅིག་ཏུ་འགྲིལ་ནས་འཕེལ་རྒྱས་འཆར་འགོད་རྩོམ་པ། དམངས་ལ་བདེ་སྐྱིད་བསྐྲུན་ནས་འཕེལ་རྒྱས་དམ་དུ་འཛིན་པ། བྱ་ཐབས་སྣ་མང་སྤྱད་དེ་འཕེལ་རྒྱས་སྐུལ་འདེད་གཏོང་བ།དོན་འཁྱོལ་དམ་འཛིན་བྱས་ཏེ་འཕེལ་རྒྱས་འགན་ལེན་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་པར་ཆབ་མདོའི་ལག་ལེན་འཚོལ་བ་དང་། ཆབ་མདོའི་ཧུར་བརྩོན་དོན་འཁྱོལ། ཆབ་མདོའི་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གྲོང་སྤྱི་ལའོ་ཆིན་འུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད།

གྲོང་ཁྱེར་འགོ་ཁྲིད་ཝང་ཡ་ཏུང་། ཆི་དབྱིང་ཧའེ། ཀྲང་ཝུན་ཧྲན། དངོས་གྲུབ་ཟླ་བ། ཅྰ་ཤིན་ཡུས་བཅས་ཞུགས་ཡོད།

ཀུང་ཧུའེ་ཚའེ་ཡིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་འཁྱེར་སོའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པར་བརྟེན་ནས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆེད་དོན་བཀོད་སྒྲིག་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གནང་བའི་ཚང་འཛོམས་གྲོས་ཚོགས་ཐོག་གི་གསུང་བཤད་དང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། དུས་བབ་ལ་དབྱེ་ཞིབ་གསལ་པོ་བྱེད་པ།བྱ་ཐབས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱིས་ང་ཚོས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་བྱ་སྤྱོད་ཀྱི་ལམ་བུ་གསལ་སྟོན་དང་ཞིབ་ཕྲའི་དམ་འཛིན་བྱ་གཞི་མཁོ་འདོན་བྱས་ཡོད་ཞེས་བསྟན།

ཀུང་ཧུའེ་ཚའེ་ཡིས་སྤུས་ཚད་མཐོ་བའི་གོང་འཕེལ་ནི་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་ཀྱི་གཅིག་གྱུར་ནུས་ལྡན་ཞིག་ཡིན་པས། རིམ་པ་ཁག་དང་ཚན་པ་ཁག་གིས་གོང་འཕེལ་གྱི་དམིགས་ཚད་གཏན་འཁེལ་དང་གཙོ་གནད་ལས་འགན་ལ་དམིགས་ཏེ་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་ཏེ། གཅིག་ནི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཚོང་འགུགས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཕན་འབྲས་དངོས་ཐོན་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས་ནི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་འདེགས་སྐྱོར་ཤུགས་ཆེན་བྱས་ནས། རང་གྲོང་ཁྱེར་གྱི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་དང་འབྱུང་འཕྲོད་བཟོ་ལས། རིག་གནས་ཡུལ་སྐོར་ལས་རིགས་བཅས་ཀྱི་གཙོ་ཁྲིད་ལེགས་ཆའི་ཐོན་ལས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ས་མཐོའི་སྐྱེ་དངོས་དང་ཚོང་དོན་ཟོག་འགྲེམས་ལས་རིགས། བོད་སྨན་གྱི་བྱ་གཞག མཐོ་གསར་ལག་རྩལ་ཐོན་ལས་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་དང་སྤུས་ཚད་མཐོར་གཏོང་གི་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཕན་འབྲས་བསྐྱར་དུ་ཐོན་པ་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་དགོས། གསུམ་ནི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ཞིབ་མཆན་འགོད་པའི་བརྒྱུད་རིམ་མུ་མཐུད་སྟབས་བདེ་རུ་གཏོང་བ་དང་། ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྒུལ་ཤུགས་ཆེན་སྣོན་དགོས། བཞི་ནི་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་རྨང་གཞི་འདིང་རྒྱུ་ལག་བསྟར་ཤུགས་ཆེན་བྱས་ནས། དབུལ་པོ་བསྐྱར་ལོག་མི་ཡོང་བའི་མ་མཐའི་མཚམས་ཐིག་བསྲུངས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ལྔ་ནི་ས་ཁོངས་མཐུན་སྦྱོར་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཕལ་པའི་གནས་བབ་ལ་དམིགས་ཏེ་ཁ་རུབ་དང་བྲག་གཡབ། རི་བོ་ཆེ་བཅས་ལྟེ་བར་བྱས་པའི“ཆུ་ཚོད་གཅིག་གི་དཔལ་འབྱོར་འཁོར་རྒྱ”བཀོད་སྒྲིག་བྱེད་མགྱོགས་སུ་གཏོང་དགོས། དྲུག་ནི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་དང་དམངས་འཚོར་ཕན་འདོགས་རྒྱུ་དང་། ལས་ཞུགས་སྔོན་ལ་ལག་བསྟར་བྱེད་རྒྱུ། སློབ་གསོའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ། བདེ་ཐང་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། དམངས་འཚོར་ཕན་པ་དང་དམངས་སེམས་དགའ་ཐབས་དེ་བས་མང་བ་སྤྱད་དེ། མི་དམངས་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། བདུན་ནི་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་དམིགས་ནས་ཕན་འབྲས་དངོས་ཐོན་པར་བྱས་ཏེ《ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་མུ་མཐུད་མང་དུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་ཁག་བཅུ》དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། བརྒྱད་ནི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ནང་ཕྱོགས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་བཅས་བྱེད་དགོས། དགུ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་གོང་འཕེལ་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་གཉིས་ཁེ་ཡོང་བར་བྱེད་དགོས། བཅུ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས། བདེ་འཇགས་དང་བརྟན་ལྷིང་གི་རྣམ་པ་གསར་པར་བརྟེན་ནས་གོང་འཕེལ་གྱི་རྣམ་པ་གསར་པ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་འགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པ་བཅས་ཆེ་རུ་ཏན་ཏིག་བཏང་ནས་ལས་ཀའི་བྱེད་ཐབས་གནད་འཁེལ་ཡོང་བར་བྱས་ཏེ་གོང་འཕེལ་གྱི་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཤིང་། ཚོགས་འདུའི་དགོངས་དོན་སློབ་སྦྱོང་གནད་འཁེལ་དང་གོ་བ་གནད་འཁེལ། དོན་འཁྱོལ་གནད་འཁེལ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་སྐད་ཆ་དྲང་པོ་ཤོད་པ་དང་བྱ་བ་དངོས་སྒྲུབ་པ། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་གཉེར་བ་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

ཚོགས་འདུ་ནི་བརྙན་པར་ལམ་ནས་ཚོགས་པ་དང་། གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་པ་དང་རྫོང(ཆུས)དང་ཤང(གྲོང་རྡལ)ཁག་ཏུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད། གྲོང་ཁྱེར་དམངས་འཐུས་དང་སྲིད་གཞུང་། སྲིད་གྲོས། དྲག་ཆས་ཉེན་རྟོག་ཆབ་མདོ་ཉིང་ལག་རུ་ཁག་གི་གྲོང་ཁྱེར(ཧྲི)རིམ་པའི་འགོ་ཁྲིད་དང་། ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། གྲོང་ཁྱེར་ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་ཚན་པའི་ཟུར་ཉན་ལྷན་ཚོགས་ཀྱི་འཐུས་མི་བཅས་ཚོགས་ར་གཙོ་བོར་ཚོགས་ཞུགས་ཡོད་པ་རེད།