འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ7ཚེས15ཉིན། ཁྲུང་ཆིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་བཅུ་པས་བོད་སྐྱོར་ལོ་གཅིག་འཁོར་བ་དང་སྨན་བཅོས་ཚོགས་ཁག་དྲུག་པའི་ལས་དོན་ཕྱོགས་བསྡོམས་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་། གྲོང་ཨུད་ཧྲུའུ་ཅི་གཞོན་པ་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲུང་ཆིང་གི་བོད་སྐྱོར་ལས་དོན་རུ་ཁག་བཅུ་པའི་སྣེ་ཁྲིད་པ་ཝེ་ཤིན་ཀུའེ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
ཝེ་ཤིན་ཀུའེ་ཡིས་བོད་སྐྱོར་རུ་མི་ཚོས་དཀའ་བ་ཁྱད་བསད་དང་དཔུང་པ་མཉམ་གཤིབས་ཀྱིས་བོད་སྐྱོར་ལས་དོན་སྤེལ་བའི་བརྒྱུད་རིམ་ལ་ཕྱིར་དྲན་དང་བཅས་བོད་སྐྱོར་ལོ་ངོ་གཅིག་རིང་གི་ལས་ཀའི་གྲུབ་འབྲས་ལ་ཕྱོགས་བསྡོམས་གནང་ཞིང་། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་སྡེ་ཚན་ཁག་གིས་རོགས་རམ་རྒྱབ་སྐྱོར་དང་བོད་སྐྱོར་རུ་མི་ཚོས་དཀའ་སྤྱད་སྡུག་རུས་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ལེགས་འབུལ་ཞུས་པ་རེད། དེ་བཞིན་སྨན་བཅོས་ཚོགས་ཁག་གིས་བོད་སྐྱོར་གསར་རྙིང་དབར་ལས་ཀ་རྩིས་སྤྲོད་རྩིས་ལེན་ལེགས་པར་སྒྲུབ་རྒྱུ་དང་མར་ཁྲུང་ཆིང་ལ་ལོག་རྗེས་ཀྱང་བོད་སྐྱོར་ལས་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་དགོས་པའི་རེ་བ་དང་བཅས་བོད་སྐྱོར་རུ་མི་ཐམས་ཅད་ཀྱིས་མུ་མཐུད་ནས་འབད་འཐབ་ལྷུར་ལེན་གནང་སྟེ་གཟི་བརྗིད་དང་རླབས་ཆེ་བའི་བོད་སྐྱོར་བྱ་གཞག་དོན་དུ་མུ་མཐུད་ནས་རང་གི་ལང་ཚོ་དང་སྙིང་རུས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་སྨན་བཅོས་ཚོགས་ཁག་གི་འགན་འཁུར་བས་སྨན་བཅོས་བོད་སྐྱོར་ལོ་གཅིག་གི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། ཏང་སྲིད་དང་སྨན་བཅོས། སློབ་གསོ། ཆེད་ལས་ལག་རྩལ་བཅས་ཀྱི་བོད་སྐྱོར་རུ་མིའི་འཐུས་ཚབ་ཀྱིས་སོ་སོའི་བོད་སྐྱོར་ལས་དོན་གྱི་གྲུབ་འབྲས་དང་སོ་སོའི་མྱོང་ཚོར་ལ་སྦྱར་ནས་གཏམ་བཤད་སྤེལ་རེས་བྱས་པ་དང་། འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ཚོས་ཀྱང་གཏམ་བཤད་སྤེལ་ཡོད་པ་རེད།
ཉིན་དེའི་ཕྱི་དྲོ། ད་རུང་རིག་རྩལ་འཁྲབ་སྟོན་བྱས་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་གཉིས་པའི་ཞབས་བྲོ《མི་ལུས་རིན་ཆེན》ཞེས་པ་ནས་འགོ་ཚུགས་པ་དང་། ཆུ་ཚོད་གཅིག་ལྷག་གི་འཁྲབ་སྟོན་ཁྲོད་མཉམ་གཞས《ང་དང་ངའི་མེས་རྒྱལ》ཞེས་པ་དང་། ཞབས་བྲོ《ཁྱེད་ལ་དགའ》《བོད་པའི་བུ་ཕྲུག》《པེ་ཅིན་གསེར་གྱི་རི་ལ》དེ་བཞིན《བོད་སྐྱོར་གྱི་མི་ཚེའི་བཤུལ་ལམ། ཁྲུང་ཆིང་དང་ཆབ་མདོའི་མཛའ་བརྩེ》ཞེས་པའི་སྙན་ངག་གྱེར་འདོན་སོགས་ལྟད་མོ་གཅིག་ལས་གཅིག་ཆེ་བ་བཤམས་ཡོད། བྱེད་སྒོའི་ཁྲོད་སྨན་བཅོས་ཚོགས་པའི་ཕུལ་བྱུང་གི་མི་སྒེར་ལ་ཡང་བྱ་དགའ་སྤྲད་ཡོད་པ་རེད།