国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年07月04日

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》

(ཚགས་པར་གོང་མར་མཐུད)42. ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱས་ཚུན་དུ་ས་གནས་མང་པོའི་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་དེ་གའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཆེད་དོན་བྱ་བའི་སྙན་ཞུ་ཕུལ་བ་དེའི་ཆ་ནས་བཅའ་ཁྲིམས་ཀྱི་རྩ་དོན་གང་ཞིག་མངོན་ཡོད་དམ།

2018ལོའི་ཟླ3པའི་ཚེས20ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》ཀྱི་དོན་ཚན་ང་གསུམ་པའི་ནང“རིམ་པ་སོ་སོའི་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་དང་ལེན་བྱེད་དགོས། རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁག་གིས་རིམ་པ་དེ་གའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་དམིགས་ལས་དོན་གྱི་སྙན་ཞུ་ལ་ཉན་ཞིང་གྲོས་ཞིབ་བྱ་རྒྱུ་དང་། ཁྲིམས་བསྟར་ཞིབ་བཤེར་སྒྲིག་འཛུགས་བྱ་དགོས།”ཞེས་གཏན་འབེབས་བྱས་ཡོད། ལྟ་ཞིབ་བཅའ་ཁྲིམས་ལག་བསྟར་བྱས་ཚུན་ས་གནས་མང་པོའི་ལྟ་ཞིབ་ཨུ་ལྷན་གྱིས་རིམ་པ་དེ་གའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཆེད་དོན་བྱ་བའི་སྙན་ཞུ་ཕུལ་བ་དེ་ཐོག་ནས་ལྟ་ཞིབ་ཨུ་ལྷན་གྱིས་དམངས་འཐུས་ཚོགས་ཆེན་ལ་འགན་འཁུར་བ་དང་དེའི་ལྟ་སྐུལ་དང་ལེན་བྱེད་པ་མཚོན་ཡོད་པས་དེ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད།

43. འཁྲབ་སྟོན་པ་གྲགས་ཅན་ཞིག་གིས་ཁྲལ་གཡོལ་བྱས་པར་ཁྲལ་དོན་སྡེ་ཁག་གིས་དུས་བཀག་ལྟར་ཁྲལ་དངུལ་དང་། དུས་འགྱངས་ཆད་དངུལ། དངུལ་ཆད་བཅས་བསྡོམས་པས་སྒོར་དུང་ཕྱུར8.83ལྷག་འཇལ་སྤྲོད་བྱེད་དུ་བཅུག་པ་དང་། ཉེས་ཆད་རྩ་ཡང་དུ་བཏང་ཡོད། འདིར་ཁྲལ་དོན་སྡེ་ཁག་གིས་ཁྲིམས་འཛིན་གྱི་གཞི་འཛིན་ས་ཅི་ཞིག་ཡིན།

ཁྲལ་དངུལ་ལ་གཡོལ་བའི་བྱ་སྤྱོད་དེ་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་གཞི་རྩའི་འོས་འགན་ལས་འགལ་བ་མ་ཟད། དེའི་ངོ་བོ་ནི་སྤྱི་དམངས་ཀྱི་རྒྱུ་ནོར་ཧམ་ཟ་དང་། རྒྱུན་གཏན་གྱི་དཔལ་འབྱོར་སྒྲིག་ལམ་དཀྲུགས་པ། འདྲ་མཉམ་གྱི་འགྲན་རྩོད་རྩ་དོན་ལ་རྡོག་བརྫིས་བཏང་བ་ཡིན་པས། བཅའ་ཁྲིམས་ཀྱི་ཆད་པ་ནན་མོ་ཕོག་ཡོད། རྩ་ཁྲིམས་ཀྱི་དོན་ཚན་ང་དྲུག་པ་ལྟར་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་བཅའ་ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་འོས་འགན་ཡོད།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་དང་པོའི་ནང【ཁྲལ་གཡོལ་གྱི་ཉེས་པ】 ཁྲལ་འཇལ་མཁན་གྱིས་གཡོ་ཐབས་ལ་བརྟེན་ནས་ཁྲལ་འཇལ་ཞུ་ཡིག་རྫུན་མ་འབུལ་བའམ་ཡང་ན་ཁྲལ་འཇལ་ཞུ་ཡིག་མི་འབུལ་བ། ཁྲལ་དངུལ་འཇལ་བར་གཡོལ་ཐབས་བྱེད་པའི་གྲངས་ཚད་ཅུང་ཆེ་བ་མ་ཟད་དེས་དཔྱ་ཁྲལ་འཇལ་དགོས་པའི་ཁྲལ་དངུལ་གྱི་བརྒྱ་ཆའི་བཅུ་ཡན་ཟིན་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་ཆབས་ཅིིག་ཏུ་བཅད་ཆོག གྲངས་འབོར་ཆེས་ཆེ་བ་མ་ཟད་དེས་དཔྱ་ཁྲལ་འཇལ་དགོས་པའི་ཁྲལ་དངུལ་གྱི་བརྒྱ་ཆའི་སུམ་ཅུ་ཡན་ཟིན་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་དངུལ་ཆད་དུས་མཉམ་དུ་བཅད་ཆོག

འཐེན་འཇལ་འོས་འགན་སྒྲུབ་མཁན་གྱིས་གོང་གསལ་ནང་གསེས་དོན་ཚན་ནང་འཁོད་ཀྱི་བྱེད་ཐབས་ལ་བརྟེན་ནས་འཐེན་ལེན་བྱས་པའི་ཁྲལ་དངུལ་མི་འཇལ་བའམ་ཉུང་འཇལ་བྱེད་པ་དང་། ཁྲལ་དངུལ་སྒོར་གྲངས་ཚད་ཅུང་ཆེན་པོ་ཡིན་རིགས་ལ་གོང་གི་དོན་ཚན་ནང་འཁོད་པའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ། གོང་གསལ་ནང་གསེས་དོན་ཚན་ནང་འཁོད་ཀྱི་བྱ་སྤྱོད་ཐེངས་མང་སྤེལ་རུང་ཐག་གཅོད་མ་བྱས་པའི་རིགས་ལ་དངུལ་གྲངས་སྡེབ་རྩིས་བྱས་ནས་རྩིས་རྒྱག་རྒྱུ།

ནང་གསེས་དོན་ཚན་དང་པོའི་བྱ་སྤྱོད་ལ། ཁྲལ་དོན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲལ་དངུལ་བདའ་འདེད་གཏོང་རྒྱུའི་བརྡ་ཐོ་བཏང་རྗེས་འཇལ་དགོས་པའི་ཁྲལ་དངུལ་གསབ་འཇལ་བྱེད་པ་དང་། དུས་འགྱངས་ཆད་དངུལ་འཇལ་སྤྲོད་བྱེད་དགོས། སྲིད་འཛིན་ཐོག་གི་ཆད་པ་རག་མྱོང་མཁན་ལ་ཉེས་འགན་བདའ་འདེད་མི་བྱེད། འོན་ཀྱང་ལོ་ལྔའི་ནང་ཁྲལ་དངུལ་འཇལ་བར་གཡོལ་ཐབས་བྱས་པའི་རྐྱེན་གྱིས་ཉེས་དོན་གྱི་ཁྲིམས་ཆད་རག་པའམ་ཁྲལ་དོན་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་གི་ཆད་པ་ཐེངས་གཉིས་ཡན་བཅད་མྱོང་མཁན་ཚུད་མེད།

44. 2021ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་སྐབས“996ལས་ཀའི་ལམ་ལུགས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུ”ཞེས་པའི་གྲོས་འགོ་བཏོན་པར་པོད་འཕྲིན་ཚ་བཤེར་མང་ཐོའི་སྟེང་ཐོན་ནས་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད་པ་རེད། 996ལས་ཀའི་ལམ་ལུགས་ལ་ཁྲིམས་འགལ་གྱི་དོགས་པ་ཡོད་དམ།

ཡོད་དེ། རྩ་ཁྲིམས་དོན་ཚན་ཞེ་གསུམ་པའི་ནང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་པར་ངལ་གསོ་བྱེད་དབང་ཡོད། རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་ངལ་གསོ་དང་ལུས་གསོའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རྒྱུ་དང་། ལས་བཟོ་པའི་ལས་ཀ་བྱེད་ཡུན་དང་གུང་སེང་ལམ་ལུགས་གཏན་ལ་འབེབས་དགོས།”ཞེས་གཏན་འབེབས་བྱས་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན་སོ་དྲུག་པའི་ནང“རྒྱལ་ཁབ་ཀྱིས་ངལ་རྩོལ་པའི་ཉིན་རེའི་ལས་ཀ་བྱེད་ཡུན་ཆུ་ཚོད་བརྒྱད་ལས་མི་བརྒལ་བ་དང་ཆ་སྙོམས་སུ་གཟའ་འཁོར་རེར་ལས་ཀ་བྱེད་ཡུན་ཆུ་ཚོད་ཞེ་བཞི་ལས་མི་བརྒལ་བའི་ལས་ཡུན་ལམ་ལུགས་ལག་བསྟར་བྱེད་དགོས།”ཞེས་གཏན་འབེབས་བྱས་ཡོད་པ་དང་། དོན་ཚན་ཞེ་གཅིག་པ་སྟེ། མི་སྤྱོད་མཁན་སྡེ་ཚན་གྱིས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་དགོས་མཁོའི་དབང་གིས་བཟོ་ཚོགས་དང་ངལ་རྩོལ་པར་གྲོས་མོལ་བྱས་རྗེས་ལས་ཀ་བྱེད་ཡུན་རིང་དུ་བཏང་ཆོག་ཅིང་། སྤྱིར་བཏང་དུ་ཉིན་རེར་ཆུ་ཚོད་གཅིག་ལས་བརྒལ་མི་ཆོག རྒྱུ་རྐྱེན་དམིགས་བསལ་ཡོད་པའི་དབང་གིས་ལས་ཀའི་དུས་ཚོད་རིང་དུ་གཏོང་དགོས་ན། ངལ་རྩོལ་པའི་ལུས་ཁམས་བདེ་ཐང་འགན་སྲུང་བྱེད་པའི་ཆ་རྐྱེན་འོག་ལས་ཀ་བྱེད་ཡུན་ཉིན་རེར་ཆུ་ཚོད་གསུམ་ལས་བརྒལ་མི་ཆོག་མོད། ཟླ་རེར་ཆུ་ཚོད་སོ་དྲུག་ལས་བརྒལ་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། “996”ལས་ཀའི་ལམ་ལུགས་ཟེར་བ་ནི་ངལ་རྩོལ་པ་ཉིན་ལྟར་ཞོགས་པ་ཆུ་ཚོད་9པའི་སྟེང་ལས་གནས་སུ་ལས་ཀ་བྱས་ནས་དགོང་མོའི་ཆུ་ཚོད་9པའི་བར་ལས་ཀ་བྱེད་པ་དང་གཟའ་འཁོར་རེར་ལས་ཀ་ཉིན་6བྱེད་ཀྱིན་ཡོད་པ་མ་ཟད། ཁ་གསབ་བམ་ཡང་ན་ལས་དུས་འཕར་བར་གླ་ཆ་མེད་པར་གོ 996ལས་ཀའི་ལམ་ལུགས་ཀྱིས་ངལ་རྩོལ་བཅའ་ཁྲིམས་ཀྱི་ལས་དུས་འཕར་བར་དུས་ཡུན་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་རྒྱབ་འགལ་མངོན་གསལ་བྱས་ཡོད།

ལེའུ་བཞི་བ། 《དམངས་དོན་ཁྲིམས་གཞུང》སྐོར་གྱི་ཤེས་བྱ།

45. མངལ་ཆགས་ཕྲུ་གུ་སྐྱེས་མེད་དུས། ཨ་ཕ་རླངས་འཁོར་དོན་རྐྱེན་བྱུང་སྟེ་སྟབས་མ་ལེགས་པར་ཚེ་ལས་འདས་པར། མངལ་གནས་ཕྲུ་གུར་ཨ་ཕའི་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་དབང་ཡོད་དམ།

ཡོད་དེ། ཤུལ་དངོས་ཤུལ་འཛིན་དང་འབུལ་ལེན་དང་ལེན་སོགས་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོང་དང་འབྲེལ་བ་ཡོད་དུས། ཕྲུ་གུ་ནི་དམངས་དོན་གྱི་ཁེ་དབང་སྤྱོད་ནུས་ལྡན་པར་བརྩི་དགོས། འོན་ཀྱང་མངལ་གནས་ཕྲུ་གུ་སྐྱེ་དུས་སྲོག་ཤོར་རིགས་ལ་དེའི་དམངས་དོན་གྱི་ཁེ་དབང་སྤྱོད་ནུས་ཐོག་མ་ཉིད་ནས་མི་གནས་པར་གྱུར་པ་ཡིན།

46.བྱིས་པ་པྲ་ཚགས་ཅན་གྱིས་དྲ་རྒྱའི་གཙོ་འཁྲབ་པར་ལེགས་སྐྱེས་ཕུལ་བ་དང་དྲ་བའི་རོལ་རྩེད་ཐོག་ནང་འཇུག་བྱས་པའི་དངུལ་དེ་དག་ཁྱིམ་བདག་གིས་ཕྱིར་ལེན་ཐུབ་བམ།

《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་གཞིར་བཟུང་ན། ལོ18ལ་མ་སླེབས་པའི་རང་བྱུང་མི་ལ་ལོ་ན་མ་སོན་པའི་སྐྱེ་བོ་ཟེར་བ་དང་། རང་ལོ་བཅུ་དྲུག་ཡན་གྱི་ལོ་ན་མ་སོན་པའི་སྐྱེ་བོས་རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་དེ་འཚོ་བའི་ཡོང་ཁུངས་གཙོ་བོ་ཡིན་པའི་རིགས་ལ་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་ལ་བརྩི་རྒྱུ། གནས་ཚུལ་འདིའི་རིགས་ཕྱིར་ལེན་མི་ཐུབ།

ལོ8ཡན་གྱི་ལོ་ན་མ་སོན་པའི་སྐྱེ་བོ་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་བྱེད་མཁན་ཡིན། དེས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་བར་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་ལས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་མོས་མཐུན་བྱེད་པ་དང་ཁས་ལེན་བྱེད་དགོས། ལོ8ལ་མ་སླེབས་པའི་ལོ་ན་མ་སོན་པའི་སྐྱེ་བོ་ནི་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་མེད་པའི་སྐྱེ་བོ་ཡིན་ཕྱིན། དེའི་ཁྲིམས་བཀོད་ངོ་ཚབ་ཀྱིས་དམངས་དོན་གྱི་ཁྲིམས་འབྲེལ་བྱ་སྤྱོད་སྤེལ་དགོས་ཤིང་། གནས་ཚུལ་འདིའི་རིགས་ཕྱིར་ལེན་ཐུབ།

47.ཞའོ་ཀང་ལོ་ན་ཆུང་བ་དང་། ཁོའི་ཁྱིམ་མི་པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་ལོགས་སུ་བཀར་ཡོད། དེས་ན་ཞའོ་ཀང་ལ་སུས་ལྟ་རྟོག་བྱེད་དགོས་སམ།

གློ་བུར་གྱི་དོན་རྐྱེན་བྱུང་བ་སོགས་ཛ་དྲག་ཆེ་བའི་གནས་ཚུལ་གྱི་དབང་གིས་ལྟ་སྐྱོང་བྱེད་མཁན་གྱིས་གནས་སྐབས་ལ་ལྟ་སྐྱོང་གི་འགན་འཁྲི་སྒྲུབ་ཐབས་བྲལ་ཞིང་། ལྟ་སྐྱོང་བྱ་ཡུལ་གྱི་འཚོ་བར་བདག་སྐྱོང་བྱེད་མཁན་མེད་པའི་གནས་སུ་གྱུར་ཡོད་ན། ལྟ་སྐྱོང་བྱ་ཡུལ་སྡོད་གནས་ཀྱི་ཡུལ་མིའི་ཨུ་ཡོན་ལྷན་ཁང་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་ངམ་ཡང་ན་དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་བྱ་ཡུལ་ལ་དགོས་ངེས་ཀྱི་གནས་སྐབས་འཚོ་བའི་ལྟ་སྐྱོང་བྱེད་ཐབས་བཀོད་སྒྲིག་བྱ་དགོས།

48.ཞའོ་ཧྭ་ལ་ཨ་ཕས་མནར་གཅོད་བཏང་བས། ཁྲིམས་ཁང་གིས་ཨ་ཕའི་ལྟ་སྐྱོང་དབང་ཆ་ཕྱིར་འཐེན་བྱས། དེས་ན་ཨ་ཕས་མུ་མཐུད་དུ་གསོ་རྟེན་གྲོན་དངུལ་སྤྲོད་པའི་འོས་འགན་ཡོད་དམ།

ཡོད་དེ།《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སོ་བདུན་པར་ཁྲིམས་ལྟར་ལྟ་སྐྱོང་བྱ་ཡུལ་གྱི་གསོ་རྟེནགྲོན་དངུལ་དང་། ཞབས་ཏོག་ཞུ་དངུལ། འཚོ་རྟེན་བཅས་ནི་སྤྲོད་འགན་འཁུར་བའི་ཕ་མ་དང་བུ་ཕྲུག བཟའ་ཟླ་སོགས་ཀྱི་འགན་འཁུར་དགོས་པ་དང་། མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱེད་མིའི་ཐོབ་ཐང་མེད་པར་བཟོས་ན་ཡང་མུ་མཐུད་དུ་འགན་འཁུར་གྱི་འོས་འགན་བསྒྲུབ་དགོས་ཞེས་གཏན་འབེབས་བྱས་ཡོད།

49.བུ་ལོན་འཇལ་མཁན་གར་སོང་ཆ་མེད་དུ་གྱུར་ན། གཡར་བའི་སྒོར་མོ་ད་དུང་ཕྱིར་ལེན་ཐུབ་བམ།

བུ་ལོན་འཇལ་མཁན་གར་སོང་ཆ་མེད་དུ་གྱུར་པ་ཁྱབ་བསྒྲགས་བྱས་རྗེས་རྒྱུ་ནོར་དོ་དམ་ལས་ཚབ་པར་བུན་དབང་མངོན་འགྱུར་བྱ་རྒྱུའི་རེ་བ་བཏོན་ཆོག གར་སོང་ཆ་མེད་དུ་གྱུར་པའི་མིའི་རྒྱུ་ནོར་ནི་དེའི་བཟའ་ཟླ་དང་། ལོ་ན་སོན་པའི་བུ་ཕྲུག ཕ་མའམ་ཡང་ན་རྒྱུ་ནོར་དོ་དམ་གྱི་འགན་འཁུར་འདོད་ཡོད་མཁན་གཞན་དག་བཅས་ཀྱིས་དོ་དམ་བྱེད་དགོས། གར་སོང་ཆ་མེད་དུ་སོང་བའི་སྐྱེ་བོས་ཆད་པའི་ཁྲལ་དངུལ་དང་བུ་ལོན། ད་དུང་སྤྲོད་དགོས་པའི་འགྲོ་གྲོན་གཞན་དག་ནི་རྒྱུ་ནོར་ཚབ་ཉར་བྱེད་མཁན་གྱིས་གར་སོང་ཆ་མེད་དུ་གྱུར་པའི་སྐྱེ་བོའི་རྒྱུ་ནོར་ནང་ནས་བྱིན་ཆོག

50.ལོ་ན་མ་སོན་པའི་སྐྱེ་བོར་འཁྲིག་སྤྱོད་ཀྱི་གནོད་འཚེ་ཐེབས་པར་གནོད་འཚེའི་སྐྱིན་ཚབ་འཇལ་བའི་རེ་ཞུ་དབང་ཆའི་གཏུག་བཤེར་བྱེད་པའི་ཡུན་ཚད་ཇི་ལྟར་བརྩི་དགོས་སམ།

གནོད་འཚེ་ཕོག་མཁན་ལོ་ན18ལ་སོན་པའི་ཉིན་ནས་བརྩི་དགོས།

51 、མི་གཞན་ལ་རོགས་རམ་བྱེད་སྐབས་རོགས་རམ་དང་ལེན་བྱེད་པའི་མི་སྣར་གནོད་འཚེ་ཐེབས་ན་དེ་ལ་འགན་འཁྲི་འཁུར་དགོས་སམ།

རང་འཐད་སྒོས་མི་གཞན་ལ་རོགས་རམ་བྱས་ཏེ་རང་ཉིད་ལ་གནོད་འཚེ་ཐེབས་ཚེ་རོགས་རམ་དང་ལེན་བྱེད་མཁན་གྱིས་དམངས་དོན་འགན་འཁྲི་འཁུར་མི་དགོས།

52 、རོལ་རྩེད་དངུལ་སོགས“དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར”ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་དམ།

【གྱོད་དཔེ】 ཡོན་ཆེ་གེ་མོས་གནོད་འཚེ་ཐེབས་མཁན་མི3ལ་མགོ་བསྐོར་བཏང་སྟེ་ཁོང་ཚོའི་རོལ་རྩེད་ཀྱི་རྩིས་ཐོའི་ཨང་གྲངས་དང་གསང་གྲངས་བླངས་ཏེ། གནོད་འཚེ་ཐེབས་མཁན་སོ་སོར་རང་ཉིད་ཀྱི་རོལ་རྩེད་ཀྱི་རྩིས་ཐོའི་ཨང་གྲངས་ནང་དམངས་སྒོར་ཁྲི2ལྷག་འཇོག་ཏུ་བཅུག་པ་དང་། དེ་རྗེས་གནོད་འཚེ་ཐེབས་མཁན་དག་གི་རོལ་རྩེད་ཀྱི་རྩིས་ཐོའི་ཨང་གྲངས་ནང་གི་རོལ་རྩེད་དངུལ་སྒོར་དང་རོལ་རྩེད་སྒྲིག་ཆས་སོགས་རྟོག་བཟོའི་རྒྱུ་ནོར་རང་ཉིད་ཀྱི་རྩིས་ཐོའི་ཨང་གྲངས་ནང་དུ་བླངས།

【དབྱེ་ཞིབ】《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་གསལ་བོ་བྱས་ཡོད་དེ། བཅའ་ཁྲིམས་ཀྱིས་གཞི་གྲངས་དང་དྲ་རྒྱའི་རྟོག་བཟོའི་རྒྱུ་ནོར་ལ་སྲུང་སྐྱོང་བྱེད་པའི་གཏན་འབེབས་བྱས་ཡོད་ཅིང་། གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།《དམངས་དོན་ཁྲིམས་གཞུང》ནང་གི་གཏན་འབེབས་ལྟར་ན། རྟོག་བཟོའི་རྒྱུ་ནོར་ནི་དམངས་དོན་ཁེ་དབང་གི་རིགས་ལ་གཏོགས་ཡོད་པས། ཡོན་ཆེ་གེ་མོས་མི་གཞན་ལ་མགོ་བསྐོར་བཏང་སྟེ་གཞན་གྱི་རོལ་རྩེད་ཀྱི་ཨང་གྲངས་བླངས་པ་མ་ཟད། གཞན་གྱི་རོལ་རྩེད་ནང་གི་དངུལ་དང་རོལ་རྩེད་སྒྲིག་ཆས་སོགས་རྟོག་བཟོའི་རྒྱུ་ནོར་ལ་སྒེར་དབང་བྱས་པའི་བྱ་སྤྱོད་དེ་དབང་གནོད་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་པ་རེད།

53、 ཀ་བ་དང་ཁ་བ་གཉིས་ཀྱིས་ཁང་བ་ཉོ་ཚོང་གི་གན་རྒྱ་འཇོག་དགོས་པ་དང་། ཁ་བ་ཡིས་ཁང་བ་གཅིག་ཉོ་བདག་གཉིས་ལ་མི་བཙོང་བའི་ཆེད་དུ་ཀ་བས་ཇི་ལྟར་སྒྲུབ་དགོས།

ཀ་བས་སྔོན་བརྡའི་ཐོ་འགོད་བྱས་ཆོག་པ་མ་ཟད། གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱས་པ་ནས་བཟུང་ཉིན90ཡི་ནང་གཏན་འཇགས་རྒྱུ་ནོར་གྱི་ཐོ་འགོད་རེ་ཞུ་བྱས་ཆོག

54、 བརྙན་ཐུང་ཞིག་གི་ནངAIཡི་ལག་རྩལ་བརྒྱུད་དེ་ཀྲུའུ་དབྱིན་གྱི་ངོ་གདོང་དབྱང་རྨིས་ཀྱི་ངོ་གདོང་ལ་བསྒྱུར་ཏེ་མྱུར་དུ་དྲ་རྒྱའི་ཡོངས་ལ་ཁྱབ་ཏུ་བཅུག་པས། དྲ་གྲོགས་ཤིག་གིས་དེ་ནི་པར་དབང་དང་འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བསྐྱལ་བ་རེད་ཟེར། བཤད་ཚུལ་དེ་འགྲིག་གམ།

འགྲིག་པ་རེད། 《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་ལྟར། “མི་སུལང་ཚེ་སྲོག་གི་དབང་ཆ་དང་ལུས་ཕུང་གི་དབང་ཆ། བདེ་ཐང་གི་དབང་ཆ། རུས་མིང་གི་དབང་ཆ། འདྲ་པར་གྱི་དབང་ཆ། སྙན་གྲགས་ཀྱི་དབང་ཆ། མཚན་སྙན་གྱི་དབང་ཆ། གསང་བའི་དབང་ཆ། གཉེན་སྒྲིག་རང་དབང་གི་དབང་ཆ”སོགས་ཡོད། “རྩ་འཛུགས་དང་མི་སྒེར་སུ་ཡིན་རུང་བཙོག་བཅོས་དང་ཉམས་ཆག་གཏོང་བ། ཆ་འཕྲིན་གྱི་ལག་རྩལ་རྫུན་བཟོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་འདྲ་པར་གྱི་བདག་དབང་ལ་གནོད་འཚེ་བཏང་མི་ཆོག འདྲ་པར་གྱི་བདག་པོ་འཐད་པ་མ་བྱུང་བར་མི་གཞན་གྱི་འདྲ་པར་གྱི་བདག་དབང་སྤྱད་དེ་སྒྲིག་སྦྱོར་དང་བཀོལ་སྤྱོད་བྱེད་མི་ཆོག་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ཏེ་གཞན་གྱི་འདྲ་པར་སྤྱི་བསྒྲགས་བྱས་མི་ཆོག ”《དམངས་དོན་ཁྲིམས་གཞུང》ནང་རྫུན་བཟོ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་མི་གཞན་གྱི་འདྲ་པར་བདག་དབང་ལ་གནོད་འཚེ་བཏང་མི་ཆོག་པ་དང་། AIལག་རྩལ་གྱིས་ངོ་གདོང་བརྗེས་པ་དེ་འདྲ་པར་བདག་དབང་ལ་སྲུང་སྐྱོང་བྱེད་པའི་ཁོངས་སུ་གཏོགས། གལ་ཏེ་མཆོག་མཆན་མ་ཐོབ་པར་རང་འགུལ་ངང་མི་གཞན་གྱི་འདྲ་པར་སྤྱད་དེ་བཀོལ་སྤྱོད་བྱས་ན་མི་གཞན་གྱི་འདྲ་པར་གྱི་བདག་དབང་ལ་བརྩི་བཀུར་མ་བྱས་པ་མ་ཟད། ལྷག་པར་དུ་དཔལ་འབྱོར་གྱི་དབང་ཆར་གནོད་པ་བཟོས་པ་རེད། ཁྱད་པར་དུ་མིང་གྲགས་ལ་བརྟེན་ནས་རོགས་སྐྱོར་དང་བརྡ་ཁྱབ་ཀྱི་གྲོན་དངུལ་བླངས་མི་ཆོག །

55、 ཀྲང་ཆེ་གེ་མོས་བུ་ཕྲུག་གི་མིང་སྤྱད་དེ་ཁང་བ་ཉོས་ནས་བཟའ་མི་ཚང་མ་མཉམ་དུ་འདུག་རྩིས་བྱས། ཡིན་ཡང་བུ་ཕྲུག་ནར་སོན་ཏེ་གཉེན་སྒྲིག་བྱས་ཚེ། ཁང་བ་བཙོང་ཏེ་ཁོ་རང་ཕྱིར་བདའ་རྒྱུ་སེམས་འཁུར་བྱེད་བཞིན་ཡོད། དེས་ན་ཀྲང་ཆེ་གེ་མོས་ཇི་ལྟར་བསྒྲུབ་དགོས།

ཀྲང་ཆེ་གེ་མོས་ཐོ་འགོད་ལས་ཁུངས་སུ་གནས་སྡོད་དབང་ཆ་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཆོག 《དམངས་དོན་ཁྲིམས་གཞུང》གི་གཏན་འབེབས་ལྟར་ན། གནས་སྡོད་དབང་མིས་གན་རྒྱ་ལྟར་མི་གཞན་གྱི་ཁང་བ་ནང་བསྡད་ཆོག་པ་དང་། ཁང་བའི་ནང་གི་དངོས་པོ་བཀོལ་སྤྱོད་བྱས་ཆོག་པ་མ་ཟད། རང་ཉིད་ཀྱི་འཚོ་བའི་དགོས་མཁོར་གཞིགས་ནས་བསྡད་ཆོག གནས་སྡོད་དབང་ཆ་རིན་དོད་མེད་པར་བཙུགས་ཆོག་ལ། འོན་ཀྱང་དོ་བདག་བར་ཁ་ཆད་གཞན་དག་བཞག་ཡོད་པ་དེའི་ཁོངས་སུ་མི་གཏོགས། གནས་སྡོད་དབང་ཆ་བཙུགས་ཡོད་ཚེ་ཐོ་འགོད་ལས་ཁུངས་སུ་གནས་སྡོད་དབང་ཆའི་རེ་འདུན་ཞུས་ཆོག་པ་མ་ཟད། གནས་སྡོད་དབང་ཆ་དེ་ཐོ་འགོད་བྱེད་དུས་ནས་བཟུང་བཙུགས་ཡོད་པ་ཡིན། །

56、 ཞའོ་མིང་གིས་ལག་ཁྱེར་ཁ་པར་ཞིག་ཚོད་ལྟའི་ངང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། བཀོལ་སྤྱོད་བྱེད་དུས་ཁ་པར་རང་འགུལ་ངང་མེར་འབར་སོང་། དེས་ན་ཞའོ་མིང་གིས་ཚོང་བདག་ལ་སྐྱིན་ཚབ་འཇལ་དགོས་སམ།

སྐྱིན་ཚབ་འཇལ་མི་དགོས། དངོས་པོ་དེ་ཚོད་ལྟ་བྱེད་དུས་ཆག་སྐྱོན་བྱུང་བ་དང་ཉམས་ཆག་བྱུང་ཚེ་ཚོང་བདག་གིས་འགན་འཁྲི་འཁུར་དགོས།

(མུ་འགོད།)