འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ102འཁོར་ལ་ཉེ་བའི་མཚམས་འདིར། ཟླ6པའི་ཚེས30ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཏང་ཡོན་རྒན་གྲས་དང་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཏང་ཡོན་ལ་གཟིགས་པ་དང་འཚམས་འདྲི་བྱས་ནས་ཁོ་ཚོར་ཏང་གི་ཐུགས་ཁུར་དང་བྱམས་བརྩེའི་དྲོན་མོ་སྦྱིན་པ་མ་ཟད། གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྣམས་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་ཡོད།
ཏང་ལོ་ང་དགུ་སོན་ཞིང་ད་ཆ་དགུང་ལོ་བརྒྱད་ཅུར་སླེབས་པའི་རྒན་མོ་གཡང་མཚོའི་ཁྱིམ་དུ།
ཀུང་ཧུའེ་ཚའེ་ཡིས་ཁོ་མོ་དང་བྱམས་བརྩེའི་གླེང་མོལ་བྱས་ཏེ་ཁོ་མོའི་གཟུགས་གཞི་བདེ་ཐང་དང་ཁྱིམ་ཚང་གི་གནས་ཚུལ་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཆབ་མདོའི་འཕོ་འགྱུར་གསར་པར་གླེང་མོལ་བྱས་ཡོད། ཁོང་གིས་མིག་སྔར་ཆབ་མདོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་བ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”དམ་པོར་དམིགས་པ། རྣམ་གྲངས་ཅན་དང་། གཞི་རྟེན་ཅན། གསལ་ཐོ་ཅན་བཅས་འབྲེལ་མཐུད་དོན་འཁྱོལ་བྱེད་པ། “ཁུལ་གསུམ་དང་མཐོ་ས་གཅིག”གཏོད་པའི་ལོ་5ཡི་འཆར་འགོད་ལག་ལེན་བསྟར་བ། གྲོང་ཨུད་ཀྱི“22445”ཡི་སྤྱིའི་ལས་ཀའི་བསམ་ཕྱོགས་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་འགན་ལེན་དང་། དཔལ་འབྱོར་སྟོབས་ཆེར་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱོད་ཚུལ་ལེགས་གཏོང་། རུལ་སུངས་ལ་ངོ་རྒོལ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཆབ་མདོའི་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།
ཀུང་ཧུའེ་ཚའེ་ཡིས་ཏང་ཡོན་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། དུས་ཡུན་རིང་པོའི་ཚུན་དུ་བློ་མཐུན་རྒན་གྲས་ཀྱིས་ཆབ་མདོའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། བློ་མཐུན་རྒན་གྲས་ཀྱིས་སྔོན་མ་ནང་བཞིན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ཆབ་མདོའི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ལ་གྲོས་འགོ་དང་བསམ་འཆར་མང་ཙམ་འདོན་པ་དང་། དུས་རབས་གསར་པའི་ཆབ་མདོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་ནུས་ཤུགས་ལྷག་མ་འདོན་སྤེལ་དང་སྟོབས་ཤུགས་གསར་པ་འབུལ་རྒྱུའི་རེ་བ་བཏོན་ཡོད།
བྱམས་པ་གཡུ་སྒྲོན་ནི་ད་ལོ་དགུང་ལོ་དོན་བཞི་ཡིན་པ་དང་། 1981ལོར་ཏང་ནང་ཞུགས། ཆབ་མདོ་གྲོང་ཁྱེར་གནམ་སྔོ་སྐྱེལ་འདྲེན་ཀུང་ཟིའི་ལས་འཁྱུར་ལས་བཟོ་པ་ཞིག་ཡིན། ཀུང་ཧུའེ་ཚའེ་ཡིས་རྒན་མོའི་གཟུགས་པོ་བདེ་ཐང་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་སོགས་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་འབྲེལ་ཡོད་ཚན་པས་འཚོ་བའི་ཐད་དཀའ་ངལ་ཆེ་བའི་ཏང་ཡོན་རྒན་གྲས་ལ་ཐུགས་ཁུར་དང་། གཅེས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁོང་ཚོའི་འཚོ་བའི་ཐད་ཀྱི་དངོས་ཡོད་དཀའ་ངལ་དང་ཞིབ་ཕྲའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁོང་ཚོར་ནུས་པས་ལྕོགས་ཚོད་ཀྱི་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་གཅིག་བསྒྲུབས་ནས་ཏང་གི་ཐུགས་ཁུར་དང་རྩ་འཛུགས་ཀྱི་དྲོ་སྐྱིད་དེ་འཚོ་བའི་ཐད་དཀའ་ངལ་ཡོད་པའི་ཏང་ཡོན་རྒན་གྲས་ཚོའི་སེམས་ནང་དངོས་འབྲེལ་སྐྱེལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ད་ལོ་དགུང་ལོ་དོན་གཅིག་ལ་སླེབས་པའི་རྒན་པོ་འཕགས་པ་ཚུལ་ཁྲིམས་ནི་ཏང་ལོ་ལྔ་བཅུ་སོན་པ་ཞིག་ཡིན། ཀུང་ཧུའེ་ཚའེ་ཡིས་ཁོ་ལ་“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཡི་དྲན་རྟེན་རྟགས་མ་བཏགས་པ་མ་ཟད་རྒན་པོ་དང་གླེང་མོལ་བྱས་ནས་གཟུགས་པོའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཚགས་བྱས་པ་དང་ཁོང་གིས་ཏང་གི་ལོ་50ཡི་གཟི་བརྗིད་ལྡན་པའི་ལོ་ཟླ་གླེང་བ་རེད། འཕགས་པ་ཚུལ་ཁྲིམས་ཀྱི་བཟའ་ཟླ་ཝང་ཡུས་ལན་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པའི་རྗེས་རབས་པ་ཞིག་ཡིན་ལ། 2014ལོར་རྒྱལ་ཡོངས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་འཐུས་མི་ཡིན་པའི་ངོས་ནས་པེ་ཅིང་དུ་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་དྲུག་པ་ཞུགས་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྗེས། ཀུང་ཧུའེ་ཚའེ་ཧ་ཅང་དགའ་པོ་བྱུང་ལ་འཕགས་པ་ཚུལ་ཁྲིམས་བཟའ་ཚོ་གཉིས་ཀྱིས་མིག་སྔར་ཆབ་མདོར་སྤེལ་བཞིན་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་འཚོལ་བསྡུ་དང་གསར་རྩོམ་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་མ་ཟད་འབྲེལ་ལས་དོན་མི་སྣས་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག་བཅས་ཡག་པོ་བྱེད་པ་དང་། ཆབ་མདོའི་མི་རིགས་མཐུན་སྒྲིལ་གྱི་གཏམ་བཤད་ཡག་པོ་བཤད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལྟ་བ་མུ་མཐུད་བརྟན་པོ་འཛུགས་རྒྱུའི་རེ་བ་བཏོན་ཡོད།