དེ་རིང་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བའི་ཉིན་མོ་བསུས་ཤིང་། ངར་སེམས་ཆེར་སྐྱེད་ཀྱིས་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ་དང་འབད་བརྩོན་ལྷོད་མེད་ཀྱིས་འགན་འཁྲི་ཡག་པོ་ཁུར་ཏེ་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་གོམ་ཞེང་ཆེན་པོས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་སྐྱོད་བཞིན་མཆིས།
ལོ་ངོ་བརྒྱ་ལྷག་ཙམ་རིང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཞུམ་མེད་འབད་འཐབ་བྱས་པ་བརྒྱུད། ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བྱུང་བ་དང་། དུས་རབས་ཀྱི་རྗེས་སུ་ལུས་པ་དང་དུས་རབས་ཀྱི་རྗེས་སུ་སྙེག་པ་ནས་དུས་རབས་ཀྱི་སྣེ་ཁྲིད་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ནས་རྣམ་པར་བཀྲ་བའི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། འཛམ་གླིང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། འཛམ་གླིང་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོའི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། བབ་བརླིང་ངང་ཁ་གཏད་གཅོག་པ། ལོག་བཤད་ལ་ཡིད་མི་རྟོན་པ་དང་། གནོན་ཤུགས་ལ་མི་འཛེམ་པ། ཉེན་ཁར་མི་གཡོལ་བ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱེད་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མེད་པ་བཅས་ལོ་རྒྱུས་ཐོག་ནས་ར་སྤྲོད་གང་ལེགས་ཐུབ་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྱང་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད། དུས་རབས་གསར་པའི་འཕོ་འགྱུར་རླབས་པོ་ཆེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་ནས་ཐོབ་པ་ཞིག་ཡིན་ཞིང་། དེའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་དེ་རེད། “གཏན་འཁེལ་གཉིས”ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་དང་། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདེང་སྤོབས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་ཞིང་། དེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད།
དམིགས་ཚད་གསར་པའི་ཕྱོགས་སུ་འབད་འཐབ་བྱེད་བཞིན་སླར་ཡང་རྡོག་ཐོན་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལྟེ་བའི་ལས་འགན་ཞིག་རེད”ཅེས་ནན་བཤད་གནང་ཡོད། སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་། དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན། གཏན་འཁེལ་མེད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་ཀྱི་མདུན་དུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། འདི་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་གཏན་འཁེལ་བྱས་པའི་བསམ་གཞིག་གཙོ་བོ་ཞིག་རེད། དུས་བབ་རྙོག་འཛིང་ཇི་ཙམ་ཆེ་བ་དང་ལས་འགན་དཀའ་ཚེགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར་བྱེད་པ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱས་ནས་གཅིག་གྱུར་གྱི་བསམ་བློ་དང་། འགྱུར་མེད་ཀྱི་བློ་སྟོབས། མཐུན་སྦྱོར་གྱི་བྱ་སྤྱོད། སྟོབས་ཆེའི་འཐབ་ནུས་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་རྒྱལ་ཁའི་ངང་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ཡོང་བའི་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པར་ང་ཚོས་རྒྱུགས་འབུལ་གྱི་རིག་པ་དྭངས་གསལ་དང་གཟབ་ནན་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ཏང་ལ་ཐུག་ཡོད”ཅེས་བཏོན་ཡོད། དཀའ་སྡུག་ཚད་མེད་མྱོང་ཡང་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་པའི་ཏང་ཞིག་ཡིན་ཕྱིན་གཞི་ནས་བྱ་གཞག་གི་རྨང་གཞི་ནམ་ཡང་བརྟན་པོ་ཡོང་བ་དང་། འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་ཀྱང་སྔར་བཞིན་རང་ངོས་གསར་བརྗེ་བྱེད་ཕོད་པའི་ཏང་ཞིག་ཡིན་ཕྱིན་གཞི་ནས་འགྲན་ཟླ་བྲལ་བ་ཞིག་ཡོང་ཐུབ། རང་རེའི་ཏང་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པའི་ངོས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་ཡུན་རིང་སྲིད་སྐྱོང་གི་གནས་བབ་བརྟན་དུ་གཏོང་བར། ངེས་པར་དུ་ཏང་ཆེན་པོར་དམིགས་བསལ་དུ་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་དགོས། འབྱུང་འགྱུར་ལ་ཕྱོགས་སྐབས་ང་ཚོས་ཏང་ཡུན་རིང་སྲིད་སྐྱོང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བཟང་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཏང་གི་ཡུན་རིང་འཐབ་ཇུས་དང་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞིར་བརྩིས་ཏེ། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། གདོང་མཆོང་གི་དུང་བརྡ་ནམ་ཡང་སྒྲོག་པ། ནན་པའི་རྩ་བའི་དགོངས་གཞི་དང་། བྱ་ཐབས། རྣམ་པ་བཅས་ཡུན་རིང་མཐའ་འཁྱོངས་བྱེད་པ། ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་བྱེད་པ། ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་ཡོང་བར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
ད་ཆ་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འདུན་པ་ཆེན་པོའི་དོན་དུ་འབད་འཐབ་བྱེད་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་རྟོན་རང་དར་དང་གཞུང་འཁྱོངས་གསར་འབྱེད་བྱེད་པ། མཐུན་སྒྲིལ་འབད་འཐབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ལ་བརྟེན་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་ཁ་དང་གཟི་བརྗིད་དེ་བས་ཆེ་བ་ཐོབ་པར་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་འབྱོར་བའི་གློག་འཕྲིན)