国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年06月23日

ཆབ་མདོ་གྲོང་ཁྱེར་གྱིས།ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“ཚན་རིག་དང་མཐུན་པའི་ཐོན་ལས་བཀོད་པ་དང་། མ་ལག་ཅན་གྱི་ཐོན་ལས་འཁོར་འབྲེལ། ཚད་ལྡན་ཅན་གྱི་ཐོན་ལས་འཕེལ་རྒྱས། ཕན་འབྲས་ལྡན་པའི་ཐོན་རྫས་འཕེལ་རྒྱས། དམིགས་ཚད་ལྡན་པའི་དཔྱད་ཞིབ”བཅས་ཀྱི་འཕེལ་རྒྱས་བླང་བྱར་གཞིགས་ནས་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་པར་འབབ་འཕར་ཡོང་བར་དམིགས་ཏེ་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཟམ་མི་ཆད་པར་སྟོབས་ཆེར་བཏང་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

འདི་ལོར་ཆབ་མདོ་གྲོང་ཁྱེར་གྱིས་ཁྱུ་གཡག་མགོ་གྲངས་1495ཁྱབ་གདལ་དང་། འབྲི་གཡག་མགོ་གྲངས་7679རྒྱུད་འདྲེས་བྱ་རྩིས་ཡོད་པ་དང་། མིག་སྔར་ལས་འགན་དེ་རྫོང་དང་ཆུས་ཁག་ལ་ཁག་བགོས་ཞིབ་ཕྲ་བྱས་ཏེ་ལོ་མཇུག་ཏུ་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི་159གསོ་ཚགས་བྱ་རྩིས་ཡོད་ཅིང་། མིག་སྔའི་བར་ལག་ཡོད་མགོ་གྲངས་ཁྲི་160.12ཟིན་ཡོད། བོད་ཕག་གསོ་ཚགས་རྟེན་གཞི་23བསྐྲུན་ནས་ལོ་མཇུག་ཏུ་ལག་ཡོད་ཕག་པ་མགོ་གྲངས་ཁྲི་16གསོ་ཚགས་བྱ་རྩིས་ཡོད་པའི་ཁྲོད་ཕག་ཕྲུག་སྐྱེ་རྒྱུ་ཡོད་པའི་ཕག་མོ་མགོ་གྲངས་ཁྲི་1.84ཡོད། ངག་དབང་ལུག་གསོ་ཚགས་རྟེན་གཞི་9དང་ངག་དབང་ལུག་སྦྲུམ་རྟེན་རྟེན་གཞི་1བསྐྲུན་ནས་ལོ་མཇུག་ཏུ་ངག་དབང་ལུག་ལག་ཡོད་མགོ་གྲངས་ཁྲི་36གསོ་ཚགས་དང་ལུག་ཐུག་མགོ་གྲངས་1063ཁྱབ་གདལ་གཏོང་རྩིས་ཡོད་ཅིང་། མིག་སྔའི་བར་ངག་དབང་ལུག་ལག་ཡོད་མགོ་གྲངས་ཁྲི་37.43ཟིན་ཡོད། བོད་བྱ་གསོ་ཚགས་རྟེན་གཞི་18ལ་བརྟེན་ནས་ལོ་མཇུག་ཏུ་བོད་བྱ་གསོ་ཚགས་གཞི་ཁྱོན་ཁྲི་30ཟིན་པ་བྱ་རྩིས་ཡོད་ཅིང་། མིག་སྔའི་བར་ཁྲི་18.42དང་སྒོ་ང་ཐོན་ཚད་ཏུན་95ཟིན་ཡོད་པ་རེད།