འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་20ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཧྥུའུ་ཅན་ཞིང་ཆེན་ཁག་བཅུ་པའི་བོད་སྐྱོར་ལས་དོན་རུ་ཁག་དང་ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཉེར་འགན་འཁུར་བའི་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་བདེ་བླག་ངང་འཚོགས་པ་རེད། ཁེ་ལས་120ལྷག་ཙམ་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་11ལ་གན་རྒྱ་བཞག་པ་དང་། མ་འཇོག་སྒོར་དུང་ཕྱུར་12.57ཟིན་ཡོད། རྣམ་གྲངས་དེ་དྭངས་གཙང་ནུས་རྒྱུ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར་སོགས་དང་འབྲེལ་བ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་ཆབ་མདོའི་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་དཔྱད་ཡིག་དང་རྣམ་གྲངས་ལག་དེབ་200ལྷག་ཙམ་སྤྲད་པ་དང་སྲིད་ཇུས་བློ་འདྲི་དང་དེ་བཞིན་མ་འཇོག་རྣམ་གྲངས་ཀྱི་མི་གྲངས་80ལྷག་ཙམ་ཟིན་ནས“མཉམ་ལས་དང་། སྤེལ་རེས། འཕེལ་རྒྱས། གཉིས་ཕན”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་པ་རེད།
ངོ་སྤྲོད་ཚོགས་འདུའི་ཐོག་རི་བོ་ཆེ་རྫོང་སྒྱུ་རྩལ་ཚོགས་པའི་འགོ་ཚུགས་ཞབས་བྲོ《བརྩེ་བས་ཕྱུག་པའི་ཆབ་མདོ》དང་།《བཀྲ་ཤིས་བདེ་ལེགས་ཞུ》《བཀྲ་ཤིས་པའི་ཞབས་བྲོ་འཁྲབ》ཅེས་འཁྲབ་སྟོན་བྱས་པ་རེད། གླུ་དབྱངས་ཀྱི་འགྱུར་ཁུག་སྙན་པོ་དང་ལྡེམ་ལྡེམ་འཁྱུག་འཁྱུག་གི་ཞབས་བྲོའི་སྟངས་སྟབས་ལ་སྐུ་མགྲོན་ཚོའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ། ཚང་མས་ཆབ་མདོ་གྲོང་ཁྱེར་གྱི་གཟུགས་བརྙན་དྲིལ་བསྒྲགས་པར་གཞི་བལྟས་པ་དང་། མཛོ་སྒང་དང་། དཔའ་ཤོད། ལྷོ་རོང་། དཔལ་འབར་སོགས་རྫོང་གི་འབྲེལ་ཡོད་འགན་འཁུར་བས་རྫོང་ཁག་གི་གཞི་རྩའི་གནས་ཚུལ་དང་དེ་བཞིན་ཚོང་འགུགས་མ་འདྲེན་རྣམ་གྲངས་ངོ་སྤྲོད་བྱས་ཡོད་པ་རེད།