འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་16ཉིན་གྱི་དགོང་མོ་ཆབ་མདོ་གྲོང་ཁྱེར་གྱི་ཚོགས་སྒྲིག་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་ཐོག་མངོན་པ་རེད། བོད་ཀྱི་གྲོང་ཁྱེར་གལ་ཆེན་ཞིག་ཡིན་པའི་ཆབ་མདོ་གྲོང་ཁྱེར་གྱིས་ཕྱོགས་མང་པོ་དང་ཟུར་ཚད་མང་པོའི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོར་ཆབ་མདོའི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་། དམིགས་བསལ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས། ཐོན་ཁུངས་དང་ཁྱད་ལྡན་ཐོན་རྫས་སྤུས་ལེགས། ཚོང་གཉེར་ཁོར་ཡུག་བཟང་པོ་བཅས་འགྲེམས་སྟོན་བྱས་ཡོད།
ཆབ་མདོའི་འགྲེམས་ཁང་དེ་མཁར་རུབ་གནའ་ཤུལ་གྱི“རྫ་ཁོག་གཉིས”ཀྱི་སྐུ་བརྙན་གཙོ་བོ་བྱས་ནས་ཇུས་འགོད་བྱས་པ་ཞིག་ཡིན་པ་དང་། མཛོ་སྒང་སྟོབས་འབར་གྲོང་མིའི་སྡོད་ཁང་གི་ཁྱད་ཆོས་ལ་གཞིགས་ནས་རིག་གནས་ཡུལ་སྐོར་དང་། དྭངས་གཙང་ནུས་རྒྱུ། ལྗང་མདོག་ཞིང་འབྲོག མི་རིགས་ལག་ཤེས་བཟོ་རྩལ། གྲོང་གསེབ་དར་རྒྱས། བོད་སྐྱོར་གྲུབ་འབྲས་སོགས་ཁྱད་ལྡན་འགྲེམས་ཁུལ་དུ་པར་རིས་དང་། བརྙན་སྒྲ། དངོས་རྫས་འགྲེམས་རྫས་སོགས་སྣ་མང་བརྒྱུད་ཆབ་མདོའི་ས་ཁོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ཚོང་གཉེར་ཁོར་ཡུག ཁྱད་ལྡན་ཐོན་རྫས་བཅས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་རེད།
ཚེས་17ཉིན་གྱི་དགོང་མོར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ་ཐོག་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝུའེ་ཤིང་ཀུའེ་ཡིས་ཆབ་མདོའི་ས་བབ་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་སྤུས་ཚད། གཟིགས་སྐྱོང་སྲིད་ཇུས། ཚོང་གཉེར་ཁོར་ཡུག་སོགས་ལ་དམིགས་ནས་འོས་སྦྱོར་བྱས་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལུའི་གོ་ཅན་གྱིས་ས་གནས་ས་ཐོག་ཏུ་རྒྱལ་མོ་རྔུལ་ཆུའི་ཡུལ་སྐོར་སྤྲོ་གསེང་གུག་ཆ72ཀྱི་རྣམ་གྲངས་ལ་གན་རྒྱ་བཞག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ངེད་གྲོང་ཁྱེར་གྱིས་ད་དུང་ཧྭ་གློག་བོད་ལྗོངས་ཀུང་ཟི་ཆབ་མདོའི་གོ་འཇོའི་ལྷ་ཐོ་800ཡི་ཀོང་ཕུའུ་གློག་གཏོང་རྣམ་གྲངས་ལ་མིང་རྟགས་བཀོད་པ་དང་ཁྱོན་རྣམ་གྲངས་2ལ་གན་རྒྱ་བཞག་པ་དང་གན་འཇོག་མ་དངུལ་སྒོར་དུང་ཕྱུར་46.5ཟིན་ཡོད།
གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ཐོག་ཆབ་མདོ་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་པར་གཞི་དང་ཡུལ་སྐོར་རིག་གནས་དྲིལ་བསྒྲགས་པར་གཞི་རེས་མོས་ངང་བསྟན་ནས་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་དཔེ་དེབ་500ལྷག་ཙམ་སྤྲད་པ་རེད། ཆབ་མདོའི་ཁེ་ལས་40ལྷག་ཙམ་གྱི་ཚོང་ཟོག་སྣ་ཁ་100ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པས་ཉིན་དེར་ཆབ་མདོའི་གཟུགས་བརྙན་འགྲེམས་ཁང་སྒོ་ཕྱེ་ནས་ལྟ་སྐོར་བྱེད་མཁན་2000ཟིན་པ་དང་བྲིན་ཚོང་བྱེད་ཚད་སྒོར་ཁྲི་10ཙམ་ཟིན་ཡོད་པ་རེད།