ཤིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ནང་སོག་གི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོ་དེར་དམ་པོར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་མཉམ་འདྲེས་ཧུར་ཐག་དང་དེར་ཞབས་འདེགས་ཧུར་ཐག་ཞུ་བ། “སྲུང་བཅད་གཉིས”དང་། “རྟེན་གཞི་གཉིས” “ཟམ་སྣེའི་བཙན་རྫོང་གཅིག”བཅས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་འཇོག་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་སོག་གི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་6ཚེས་7དང་8ཉིན། ཞི་ཅིན་ཕིང་གིས་པ་ཡན་ནོར་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་དང་འབྲེལ་ཐང་རྒོད་ཅན་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང“བྱང་གསུམ”སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་རྗེས། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲའོ་ཁྲེང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཝང་ལི་ཞ་ཡི་ཕེབས་རོགས་འོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
ཚེས་7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀྲུང་ཧོན་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་།
གླིང་ཁུལ་འགྲེམས་ཁང་དུ།ཞི་ཅིན་ཕིང་གིས་ས་གནས་དེ་གའི་ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། དེ་རྗེས་ཞི་ཅིན་ཕིང་ཐོན་སྐྱེད་འཁོར་ཁང་དུ་ཐོན་རྫས་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ་གནང་བར་ཕེབས་ནས་གླིང་ཁུལ་ཁེ་ལས་ཀྱི་གློག་འདྲེན་ཕྱེད་གཟུགས་དང་འོད་ཤུགས་རྒྱུ་ཆ་སོགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་ནི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། སྲོལ་རྒྱུན་གྱི་ནུས་རྒྱུའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུའི་རྟེན་གཞི་གལ་ཆེན་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ནི་ནང་སོག་འཕེལ་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། ཕྱོགས་དེའི་ཐད་ནང་སོག་གི་ཁ་ཕྱོགས་གསལ་བ་དང་འགྲོ་ལམ་ཡང་དག་པས། མདུན་ལྗོངས་ཡག་པ་དང་བྱེད་རིན་ཆེན་པོ་ཡོད་པ། མདུན་ལམ་ཆེན་པོ་ལྡན་པ་བཅས་ཡོད་ཅེས་ནན་བཤད་གནང་བ་རེད། གླིང་ཁུལ་ནས་ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་ཕེབས་སྐྱེལ་ཞུ་བར་ཡོང་མཁན་ཁེ་ལས་ཀྱི་ལས་མི་ཚོར་བྱམས་བརྩེའི་ངང་ཁྱེད་ཚོས་ཁེ་ལས་དང་གླིང་ཁུལ་གཉེར་སྐྱོང་ཡག་པོ་བྱས་འདུག དེ་དག་བལྟས་པ་ཙམ་གྱིས་མི་ལ་སེམས་ཤུགས་སྦྱིན་ཐུབ་ཀྱི་འདུག ད་ལྟ་ང་ཚོས་ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་དར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་ཚན་རྩལ་གྱི་དཀའ་གནད་ལས་སྒྲོལ་ཐུབ་པར་བྱེད་དགོས། རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་འཛུགས་རྒྱུ་ནི་ཐལ་ཆེ་བའི་གནས་ཚུལ་འོག་རྒྱལ་དམངས་དཔལ་འབྱོར་རྒྱུན་གཏན་ངང་འཁོར་རྒྱུག་ཐུབ་པར་འགན་ལེན་བྱེད་པའི་ཆེད་དུ་ཡིན་ཞིང་། དེ་རྒྱལ་སྤྱིའི་དཔལ་འབྱོར་འཁོར་རྒྱུག་ནང་ཞུགས་པ་དང་འགལ་ཟླ་མེད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལག་བསྟར་གྱིས་སྒོ་མོ་ཕྱེ་ནས་འཛུགས་སྐྲུན་བྱས་ཏེ་མཉམ་ལས་གཉིས་ཕན་ཡོང་བ་བྱེད་དགོས་ཞེས་གསུངས་པ་མ་ཟད། ཁོང་གིས་ཁེ་ལས་དང་ལས་བཟོ་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
ཚེས་8ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་ནང་སོག་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོན་ལས་ཀྱི་གྲུབ་ཆ་མགྱོགས་མྱུར་ལེགས་སུ་བཏང་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ནང་སོག་ནི་རྒྱལ་ཁབ་ཀྱི་ནུས་རྒྱུ་གལ་ཆེན་དང་། འཐབ་ཇུས་ཐོན་ཁུངས་ཀྱི་རྟེན་གཞི། ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི། རང་རྒྱལ་གྱིས་བྱང་ཕྱོགས་སུ་སྒོ་མོ་འབྱེད་པའི་ཟམ་སྣེའི་བཙན་རྫོང་གལ་ཆེན་བཅས་ཡིན་པས། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བར་ངེས་པར་དུ་བཟང་ཆའི་ཁྱད་ཆོས་དང་འཐབ་ཇུས་ཀྱི་ངེས་གནས་འདི་དག་ལ་གཞི་ཚུགས་ནས། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཐོན་ཁུངས་རྣམ་པའི་ས་ཁུལ་གྱི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ནང་སོག་གི་ཁྱད་ལྡན་ལེགས་ཆའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས། ནུས་རྒྱུའི་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་དེང་རབས་ནུས་རྒྱུའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས། འཐབ་ཇུས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས། འཐབ་ཇུས་ཐོན་ཁུངས་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་དང་། སྤུས་ཚད་མཐོ་པོས་བེད་སྤྱོད། ཚད་ལྡན་ཅན་གྱི་དོ་དམ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་རྒྱུའི་ཐོན་ཁུངས་ས་ཆ་དེ་རང་དུ་ལས་སྣོན་བྱེད་ཤུགས་ཆེ་རུ་བཏང་སྟེ་འཐབ་ཇུས་ཐོན་ཁུངས་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་དགོས། ཞིང་འབྲོག་ལས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་ས་ཞིང་དང་། ཚན་རྩལ། སོན་ཁུངས། ཆུ། རྩྭ་སོགས་ནས་འགོ་བཙུགས་ཏེ་ཞིང་འབྲོག་ལས་ཀྱི་ས་ཁོངས་བཀོད་སྒྲིག་དང་ཐོན་སྐྱེད་གྲུབ་ཆ་བརྟན་པོའི་ངང་ལེགས་སུ་གཏོང་བ་དང་། ཞིང་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་སྤུས་དག་ཞིབ་ཚགས་དང་ལྗང་མདོག་སྐྱེ་ལྡན་སྤུས་རྟགས་གཏོད་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་བརྟན་པོར་བསྐྲུན་རྒྱུ་ནི་ནང་སོག་གིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་པའི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས། པེ་ཅིང་དང་ཐེན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་དང“བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྱོང་སོགས་གཙོ་གནད་ལས་གྲྭ་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྨོ་བསྐྱུར་ནགས་གསོ་དང་། ཕྱུགས་བཀག་རྩྭ་གསོ། རྩྭ་ཕྱུགས་དོ་སྙོམས། ཕྱུགས་རིགས་བཀག་པ་དང་རྩྭ་ར་ལོ་ཉལ་བཅས་དོན་འཁྱོལ་བྱེད་པ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ངང་རྩྭ་ཐང་དང་། ནགས་ཚལ། ཆུ་བོ། མཚེའུ། འདམ་ར་བཅས་སྐྱེ་འཕེལ་སླར་གསོ་ཡོང་བར་བྱེད་པ། ཧུའུ་ལུན་མཚེའུ་དང་། ཝུའུ་ལིའང་སུའུ་ཧའེ། ཏའེ་ཧའེ་སོགས་ཆུའི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཐང་རྒོད་ཅན་བཅོས་སྒྲིག་དང་འདམ་ར་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མེས་རྒྱལ་གྱི་བྱང་ཕྱོགས་སུ་ལེ་དབར་ཁྲི་ཡི་ལྗང་མདོག་གི་ལྕགས་རི་རིང་པོ་བསྐྲུན་དགོས། “ལྗང་སྐུལ་བྱེ་དོར”གྱི་འཕེལ་ཕྱོགས་བཟང་པོ་མུ་མཐུད་སྲ་བརྟན་དང་གོང་འཕེལ་གཏོང་བ་དང་། རིགས་དབྱེ་ཇུས་བསྟར་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་གཙོ་གནད་ས་ཁུལ་དུ་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་བྱེད་པ། བྱེ་བཅོས་མ་ལག་ཟམ་མི་ཆད་པར་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། བྱེ་བཅོས་ཀྱི་ཕྱོགས་བསྡུས་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཡོངས་ཀྱི་ངོས་ནས་བལྟས་ན། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་གཏོང་བའི་ལས་འགན་གྱི་དཀའ་ཚེགས་ཆེ་ཤོས་ནི་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་ཁ་ཤས་སུ་ཡོད། མཐའ་མཚམས་མི་རིགས་ས་ཁུལ་དེ་དག་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པར་རྗེས་ལུས་ཐེབས་མི་རུང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་། དམངས་འཚོའི་ཞན་ཆ་སེལ་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དེ་བྱེད་དང་བྱེད་མུས་ཡིན་པ་དང་ཉེ་འགྲམ་དུ་གནས་ཡོད་པ་དངོས་འབྲེལ་ཚོར་ཐུབ་པར་བྱེད་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གསོ་སྦྱོང་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཁུར་པོ་ཡང་གཏོང་དང་ལས་གནས་བརྟན་གཏོང་། ལས་ཞུགས་རྒྱ་སྐྱེད་བཅས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་གནད་སྨིན་དང་ནུས་ལྡན་ངང་ལག་བསྟར་བྱེད་པ། ཐབས་ལམ་མང་བའི་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་ལས་ཞུགས་ཐུབ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས། ལས་ཞུགས་ཀྱི་ཐབས་ལམ་གསར་འབྱེད་ཀྱིས་དབུལ་སྒྲོལ་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་ལེན་ཁྱིམ་ཚང་། ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་ཀྱི་ཐ་སྐྱོང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་དང་སྨན་བཅོས་རོགས་སྐྱོབ། མ་མཐའི་འཚོ་བ་འགན་ལེན་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་འགན་ལེན་བཅས་ཀྱི་རོགས་སྐྱོར་བྱ་ཐབས་ཤུགས་ཆེར་གཏོང་བ། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་སྒྲོལ་རྫོང་གི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ཤིང་། དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་སྟེ། གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱས་ནས། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་སྣ་ཚོགས་མ་ཐོན་སྔོན་འགོག་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་རེད་ལ་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་རེད། མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྱོང་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཚང་མ་གཙོ་རྐང་འདིར་དམ་པོར་དམིགས་པ་ལས་ཕྱོགས་འགལ་གཏན་ནས་བྱ་མི་རུང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་སྲིད་ཇུས་དང་བྱེད་ཐབས་གང་ཞིག་བཏོན་རུང་། ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་རང་བཞིན་ཆེ་རུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་དམིགས་དགོས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་བེད་སྤྱོད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱེད་པའི་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་པའི་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱས་ཏེ་སྔར་བས་འཐུས་སྒོ་ཚང་བའི་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་སྐྲུན་དགོས།
ཞི་ཅིན་ཕིང་གིས། གཅིག་སྡུད་སློབ་གསོར་བརྟེན་ནས་ཏང་ཡོངས་ཀྱིས་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་སྲོལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་རེད། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཐོན་ཡོད་མེད་ལ་ལྟ་སྐབས། ཆེས་ཐད་ཀའི་མྱོང་ཚོར་ནི་ཏང་སྲོལ་ཐད་གནས་པའི་གནད་དོན་ཐག་གཅོད་ཐུབ་མིན་དང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ལ་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་མེད་ལ་ལྟ་ཡི་ཡོད། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཡོ་བསྲང་ལ་དམ་འཛིན་ཏན་ཏིག་དང་། དམིགས་ཡུལ་གྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་དང་སྦྱོང་བཤེར་དག་ཐེར་བཅས་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས། ཏང་སྲོལ་གྱི་བླང་བྱ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་ཏང་གཤིས་ཀྱི་བླང་བྱ་དང་བསྡུར་ནས་འབྱུང་རྩར་ཞིབ་བཤེར། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་བསྡུར་ནས་བྱ་ཐབས་གསལ་པོ་བཟོས་ཏེ་འཚོལ་བཤེར་དག་ཐེར་གྱི་ཕན་འབྲས་དངོས་ཐོན་པར་བྱེད་དགོས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ལེགས་པོ་བྱས་ནས་དོན་དངོས་རྟོག་ཞིབ་དང་། ཐབས་ཇུས་གནད་འཁེལ་འདོན་པ། ཕན་འབྲས་དོན་གཉེར་བཅས་ལ་ཤུགས་རྒྱག་པ་དང་། ལས་དོན་ཏན་ཏིག་སྒྲུབ་པ་དང་། རྨང་གཞི་བརྟན་པོ་འདིང་བ། གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འབད་པར་སྤོང་བའི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་མངོན་གསལ་ཡོང་བར་བྱེད་པ། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་འཛིན་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་དར་རྒྱས་གོང་འཕེལ་གཏོང་དགོས། སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ་བཏང་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པར་ཡང་དག་པའི་དབང་ཆའི་ལྟ་བ་བརྟན་པོ་འཛུགས་པ་དང་། སྤྱོད་གཙང་གི་ཉེན་ཁ་གནས་ས་ཕྱོགས་ཡོངས་ནས་འཚོལ་ཞིབ། བསམ་བློའི་ཉེན་ཟོན་བརྟན་དུ་གཏོང་བ། སྒྲིག་ཁྲིམས་ཀྱི་དམར་ཐིག་བརྟན་སྲུང་བཅས་བྱེད་དགོས་པའི་སློབ་གསོ་རྒྱག་དགོས། “རུལ་སུངས་མི་བྱེད་པ་གསུམ”གྱི་བླང་བྱ་ལྟར་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་ཁྲིམས་ལག་བསྟར་ནན་པོ། ར་སྐྱོར་ལེགས་པར་འཛུགས་པ་བཅས་བྱེད་དགོས། བབ་ཆགས་ཀྱི་སྤྱོད་ཚུལ་འཇགས་པར་བྱས་ཏེ་འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་དང་དག་ཐེར་གྱི་ནང་དོན་གལ་ཆེན་དུ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འཛིང་རགས་བརྟན་པོ་ཞིག་སྐྲུན་པར་སྐུལ་ལྕག་བྱེད་དགོས་པའི་ནན་བཤད་གནང་བ་རེད།