འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་30ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་2023ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཙོ་བོ་དང་ལྷག་པར་དུ་2023ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་སྔར་བས་གཏིང་ཟབ་བྱས་ནས་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ལའོ་ཆིན་འུའུ་ཡིས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས“བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་རྨང་གཞི་ཡིན་པ་དང་འགག་རྩ་ནི་རྒྱུན་གཏན་ཡོང་བ་བྱ་རྒྱུ་ཡིན་པའི”བསམ་བློ་བརྟན་པོ་བཙུགས་ཏེ་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། གཞུང་ལམ་འགྲིམ་འགྲུལ་དང་། མེ་སྐྱོན། རི་རུད་སོགས་ལས་འཛོལ་ཐོན་སླ་བའི་ཁྱབ་ཁོངས་ལ་དམ་པོར་དམིགས་པ་བཅས་བྱས་ནས་ཉེན་ཁ་ཞིབ་བཤེར་དང་། མི་མངོན་པའི་རྐྱེན་ངན་སེལ་བ། ལས་འཛོལ་འགོག་པ་བཅས་བྱས་ཏེ་ཉེན་ཁའི་མི་མངོན་པའི་རྐྱེན་ངན་མ་ཐོན་གོང་ཚོད་འཛིན་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་རྒྱུན་མཐུད་ཡོང་བའི་འགན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་རྣམ་གྲངས་ཀྱི་འཆར་གཞི་བཟོ་བ་དང་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་པ་དང་། དུས་བཀག་ལྟར་བཀོད་གཏོང་དང་། བཀོད་སྒྲིག་དོ་དམ། རྣམ་གྲངས་གཅིག་གྱུར་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱེད་དགོས། དམངས་འཚོའི་འགན་ལེན་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་བླང་བྱ་མཐའ་འཁྱོངས་ཀྱིས་སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་སོགས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་སྔར་བས་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཚན་པ་ཁག་གིས“སྤྱོད་ཚུལ་སྐུལ་འདེད་ལོའི”བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྲིད་གཞུང་གིས“གང་ཞིག་བྱེད་པ་དང་། གང་ལས་དགོས་པ། ཇི་ལྟར་བྱེད་པ”བཅས་ཀྱི་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ།“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་ཆབ་སྲིད་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།