“1951ལོའི་ཟླ་5ཚེས་23ཉིན་པེ་ཅིང་དུ《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ཡོད། མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་དེ་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་བཏང་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཡོད། དུས་དེ་ནས་བཟུང་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་དུས་རབས་གསར་པར་བསྐྱོད་ཡོད”
འདི་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་བའི་ལོ་ཞིག་རེད། ལོ་72རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་ཀྱི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལམ་བུ་བརྒྱུད་ཡོད། ལྷག་པར་དུ་དུས་རབས་གསར་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་བ་མ་ཟད། སྤྱི་ཚོགས་ཀྱི་དུས་བབ་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་བཅས་བྱུང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།
བརྒྱུད་པའི་ལམ་བུར་ཕྱིར་མིག་ལྟ། རྒྱང་ལམ་གསར་པར་འབད་འབུངས་བྱེད། བོད་ཀྱི“ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འཕོ་འགྱུར་ཆེན་པོས། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དེ་བས་མེད་པ་རྩོད་ཐབས་བྲལ་བའི་སྒོ་ནས་ར་འཕྲོད་ཐུབ་ཡོད། ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད།
སྙིང་སྟོབས་རྒྱུན་འཛིན་བྱེད། གསར་བརྗེའི་ས་བོན་ས་མཐོའི་བུ་ཕྲུག་ཚོའི་ཁྲག་རྒྱུན་དང་འདྲེས།
1950ལོའི་ཟླ་10པའི་ཚེས་7ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་འབྲི་ཆུའི་ངོགས་སུ་བོད་ལྗོངས་ལ་བཅིངས་འགྲོལ་གཏོང་བའི་མེ་མདའ་དང་པོ་དེ་བརྒྱབ་པ་དང་། སྐམ་ཐོག་གྲོང་ཚོ་དེ་བོད་དུ་སྐར་ལྔའི་དར་དམར་སྒྲེང་ཡུལ་དང་པོར་གྱུར། འཇོ་མདའ་རྫོང་གིས“རི་ཀླུང་བརྒལ། བཅིངས་འགྲོལ་དམག་བསྐྱོད་མྱོང་བའི་ལམ་བུར་སླར་ཡང་བསྐྱོད”ཅེས་པའི་བྱེད་སྒོ་ཐེངས་མང་སྤེལ་ཏེ་སྔོན་མ་བཅིངས་འགྲོལ་དམག་བོད་དུ་སྐྱོད་སྐབས་ཀྱི་དཀའ་ཚེགས་ཆེ་བའི་ལོ་ཟླར་ཕྱིར་དྲན་བྱས།
དམག་སྡེ་བཅོ་བརྒྱད་པ་འབྲི་ཆུ་བརྒལ་བའི་གཡུལ་འགྱེད་དྲན་གསོ་ཁང་དུ་འགྲེལ་བཤད་རྒྱག་མཁན་བཀྲ་ཤིས་ཆོས་སྒྲོན་གྱིས་བརྩེ་སེམས་ཟབ་མོས་དམག་སྡེ་བཅོ་བརྒྱད་པའི་གཏམ་རྒྱུད་བརྗོད་སྐབས་ལྟ་སྐོར་བ་ཚོས་ནན་ཏན་ངང་ཉན་བཞིན་སེམས་འགུལ་ཆེན་པོ་ཐེབས།
མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུ་དུས་ཆེན་གལ་ཆེན་འཆར་རིམ་བཞིན། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་རང་འགུལ་ངང་བོད་སྐྱོད་སྔོན་སྐྱོད་ལན་ཤོག་གི་དྲན་གསོ་ཁང་དུ་ལྟ་སྐོར་དང་བོད་སྐྱོད་སྔོན་སྐྱོད་ལན་ཤོག་གི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་བཏགས་སྒྲོན་པ་སོགས་བྱེད་པ་དང་། ལི་ཏི་སན་གྱིས་བརྩམས་གནང་བའི《མདུན་སྐྱོད་གླུ་གཞས》གཏོང་གི་ཡོད།
ཀྲུང་ཧྭ་མི་རིགས་ནི་དཔའ་བོར་གོང་བཀུར་དང་། དཔའ་བོ་སྐྱེད་སྲིང་། དཔའ་བོ་རིམ་ཐོན་བཅས་ཀྱི་མི་རིགས་ཤིག་ཡིན། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་ནང་བོད་ལ་བཅིངས་འགྲོལ་གཏོང་མཁན་གྱི“བཅིངས་འགྲོལ་དམག་མི”ནི་རླབས་ཆེན་གྱི་དཔའ་བོ་རེད། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། སྔོན་སྐྱོད་ལན་ཤོག་གི་སྙིང་སྟོབས་བཅས་ནམ་ཡང་བློ་ལ་བརྟན་པོར་ངེས་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད།
གྲོ་མོ་རྫོང་རིན་ཆེན་སྒང་གྲོང་ཚོའི་ཟླ་སྐྱིད་དང་། ཚེ་རིང་ཆོས་སྒྲོན། བུ་ཁྲིད་བཅས་ཨ་མ་རྒན་མོ་གསུམ་གྱིས་ལོ་40ཡི་རིང་སོ་ལྟ་ཁང་གི་འཐབ་འཛིང་པ་ཚོར་སྔོ་ཚལ་སོས་པ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། “‘བཅིངས་འགྲོལ་དམག་མི’ནི་ང་ཚོའི་གཉེན་ཉེ་དང་དྲིན་ཅན་ཡིན་པ་དང་བོད་ལ་ཁོང་ཚོས་བཅིངས་འགྲོལ་བཏང་བ་རེད་ལ། ང་ཚོའི་ཕ་ཡུལ་ཡང་ད་ཆ་ཁོང་ཚོས་སྲུང་སྐྱོང་བྱེད་བཞིན་ཡོད”ཅེས་ཟླ་སྐྱིད་ཀྱིས་བཤད།
མེ་ཏོག་རྫོང་འབྲས་སྤུངས་ཤང་ལྟེ་བའི་སློབ་ཆུང་1976ལོར་བཙུགས་པ་དང་དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་བོད་སྡོད་དཔུང་སྡེའི་དཔོན་དམག་ཚོས་ལས་ཞོར་དུ་སློབ་ཕྲུག་ཚོར་སློབ་ཁྲིད་བྱེད་ཀྱི་ཡོད། ལོ་20ལྷག་ཙམ་རིང་། སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་200ལྷག་ཙམ་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པ་དང་སློབ་མ་མང་པོ་ཞིག་སློབ་གྲྭ་ཐོན་རྗེས་མེ་ཏོག་ཏུ་ལོག་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐའ་བརྟན་མཐའ་དར་གྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད།
དམག་གིས་དམངས་ལ་གཅེས། དམངས་ཀྱིས་དམག་ལ་བཀུར། དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་ནི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཡིན།
ས་མཐོར་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལག་ལེན་ཁྲོད“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་མ་ཟད། དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་པས། ཁུང་ཧྥན་སེན་གྱི་སྙིང་སྟོབས་དང་བོད་སྐྱོར་གྱི་སྙིང་སྟོབས་སྐྱེད་སྲིང་ཐུབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གངས་ལྗོངས་ས་མཐོར་བྱ་གཞག་དེ་བས་ཆེ་བ་གཏོད་པར་ལྕག་སྐུལ་ཐུབ་ཡོད།
མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་རང་ལྗོངས་སུ་གཏིང་ཟབ་སྤེལ་བཞིན་ཡོད་ཅིང་། མི་རིགས་ཁག་གི་བུ་ཕྲུག་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། སྦྱོང་བསམ་བསྟར་རྟོགས་ཁྲོད་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ། སློབ་སྦྱོང་གི་གྲུབ་འབྲས་རྒྱང་ལམ་གསར་པར་འབད་འབུངས་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བྱ་སྤྱོད་ལ་དངོས་སུ་འགྱུར་བ་བཅས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་འབུལ་བཞིན་ཡོད།
གོ་སྐབས་དམ་འཛིན་བྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད།
བོད་ལ་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་། བརྗིད་ཆགས་ཡིད་དུ་འོང་བའི་ས་མཐོའི་མཛེས་ལྗོངས། རྣམ་པར་བཀྲ་བའི་མི་རིགས་ཀྱི་རིག་གནས་བཅས་ཡོད་པས། མི་མང་པོ་ཞིག་གི་སེམས་དབུས་ཀྱི་གནས་མཆོག་ཏུ་གྱུར་ཡོད།
དམིགས་བསལ་གྱི་ཐོན་ཁུངས་ལེགས་ཆར་གཞིགས་ནས། རང་ལྗོངས་ཀྱིས“ཁྱད་ལྡན་དང་། རྩེ་གྲ སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གཏན་འཁེལ་དང“འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན”སྐྲུན་པའི་དམིགས་ཚད་ལ་གཞིགས་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུལ་སྐོར་དཔལ་འབྱོར་གྱིས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་གྱི་ཡོང་འབབ་ཁྲོད་བཟུང་བའི་བསྡུར་ཚད་33.3%ཟིན་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དེ་ནི་རང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་བསྡུས་རིས་ཤིག་རེད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་72འཁོར་ཚུན་དང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མ་ཟད། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད།
བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། གཞུང་ལམ་དང་། ལྕགས་ལམ། མཁའ་ལམ། མདོང་ལམ་སོགས་སྐྱེལ་འདྲེན་བྱེད་ཐབས་སྣ་མང་གི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་གཞི་རྩའི་ཆ་ནས་བསྐྲུན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་གཅིག་སྡུད་ཆུ་མཁོ་འདོན་དང་། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་ཁྱོན་ཡོངས་ལ་ཁྱབ་པ། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད་སོགས་ཡུལ་ནད་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མེད་པ་བཟོས་པ་དང་འགོག་བཅོས་ཐུབ་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.19ཟིན་པ་བཅས་རེད།
བོད་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་གནས་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བཅས་བྱས་ནས། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་མ་ཟད། དུས་རབས་གསར་པའི་བོད་ཀྱི་འགན་འཁྲི་དང་བྱས་རྗེས་ཀྱང་མངོན་ཡོད།
ཡིད་ཆེས་ཀྱིས་ཁེངས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་བརྩམས།
ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 1980ལོ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོག་པའི་བྱེད་ཐབས་ནས་བོད་ཀྱི་འཕེལ་རྒྱས་ལ་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གནང་ཡོད། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཐབས་གཏན་འཁེལ་བྱས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་ཡོད།
དུས་རབས་གསར་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་། སྐུ་ངོ་མས་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད། བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བཅས་གནང་བར་བརྟེན། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁག་ཚན་རིག་དང་མཐུན་པར་ཇུས་འགོད་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།
ལྷ་རི་རྫོང་གི་ཁྱད་ལྡན་འབྲི་གཡག་གི་རིགས་ཤིག་ཡིན་པའི་ཉང་གཡག་2015ལོར་རྒྱལ་ཁབ་ས་གཤིས་མཚོན་རྟགས་ཐོན་རྫས་ཀྱི་མིང་གཞུང་ནང་བཅུག་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་ཉང་གཡག་གི་རྒྱུད་བཟང་གསོ་ཚགས་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བས། ཐོན་ལས་ཀྱི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་ཡོད། རྒྱུད་བཟང་གསོ་ཚགས་བྱེད་པ་ཕུད། ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་གི་ས་གཞི་ཆེ་མོར་གྲོང་ཚོ་ཚན་པར་བྱས་པའི་འབྲོག་ལས་མཉམ་ལས་རྩ་འཛུགས་གང་སར་ཁྱབ་ཡོད།
སྨོན་ལམ་ཚེ་རིང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་འབྲོག་ཁྱིམ་ཨ་ཁུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ལས་མི་ཞིག་ཡིན་ཞིང་། “མཉམ་ལས་ཁང་དུ་ཞུགས་རྗེས། འོ་མ་བྲིན་ཁ་མི་རྒྱུག་པའི་སེམས་ཁྲལ་བྱེད་དགོས་མེད་ལ། ད་དུང་ཡོང་འབབ་ཀྱང་བརྟན་པོ་ཡོད་པས། ཁྱིམ་ཚང་གི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་བཤད།
1995ལོའི་ཁག་དང་པོའི་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པས་དེང་རབས་ཀྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་པ་སྣམ་དུ་ཁྱབ་གདལ་བཏང་བ་ནས་བཟུང་། ལོ་ཉི་ཤུ་ལྷག་ཙམ་རིང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་རབ་དང་རིམ་པའི་རྒྱུན་མཐུད་འབད་བརྩོན་འོག་གངས་ལྗོངས་ས་མཐོར་རང་ཉིད་ཀྱི་སྔོ་ཚལ་དྲོད་ཁང་ཡོད་པར་གྱུར།
གཞིས་རྩེ་གྲོང་ཁྱེར་གྱི“ཧྲན་ཏུང་ལམ”དང་། ལྷ་ས་གྲོང་ཁྱེར་གྱི“པེ་ཅིང་ལམ”ནག་ཆུ་གྲོང་ཁྱེར་གྱི“ལེའོ་ཉིང་ལམ”སོགས་ཀྱི་ལམ་མིང་དེ་དག་ལས་བོད་མི་དམངས་ཚོས་སྤུན་ཟླའི་ཞིང་ཆེན་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དཔང་པོ་ཐུབ་ཡོད།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འབད་འབུངས་ཡར་བརྩོན། གོམ་སྟབས་བརྟན་པོ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས། (བསོད་ནམས་བདེ་སྐྱིད་གཞོན་པ་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)

