国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月26日

ཆབ་མདོས་སྒོར་དུང་ཕྱུར་6.55ཡི་རྣམ་གྲངས་ ལ་གན་རྒྱ་བཞག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་འཚོགས་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ(ངོ་འཕྲད་གྲོས་མོལ་ཚོགས་འདུ་ཞེས་བསྡུ་རྒྱུ)སྐབས་ལྔ་པའི་རིང་། བོད་ལྗོངས་ཆབ་མདོས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་5ལ་གན་རྒྱ་བཞག་པར་དངུལ་འབོར་སྒོར་དུང་ཕྱུར་6.55ཟིན་གྱི་ཡོད་ཅིང་། དེ་དག་ནུས་རྒྱུའི་སྒྲིག་ཆས་བཟོ་སྐྲུན་དང་། འབྲོག་ལས། ཚོང་དོན་ཟོག་འགྲེམས། རིག་གནས་ཡུལ་སྐོར་སོགས་དང་འབྲེལ་བ་ཡོད་པ་རེད

སྐབས་འདིའི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་རིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ཁྱད་ལྡན་རིག་གནས་ཐོན་རྫས་ཀྱི་འགྲེམས་སྟོན་འགྲེམས་ཚོང་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་གྱི་བྱེད་སྒོ་ཆེ་གྲས་གཉིས་སྔ་རྗེས་སུ་སྒྲིག་འཛུགས་བྱས་པ་རེད། འགྲེམས་ཚོང་བྱ་ཡུལ་ཏེ་བོད་ལྗོངས་ཆབ་མདོའི་འགྲེམས་ཁང་དུ་བོད་ཀྱི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས་ཀྱི་ཉམས་སྣང་ཟབ་མོ་མངོན་པ་དང་། ལྷག་པར་དུ་ཆབ་མདོའི་ཁམས་པའི་རིག་གནས་ཀྱི་དཔའ་ཉམས་དང་སྤྲོ་སེམས་ངོམ་སྟོན་བྱས་ཡོད། དེ་དང་ཆབས་ཅིག དེང་རབས་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་ཀྱི་རྣམ་པ་ཟབ་མོ་ཡོད། འགྲེམས་ཁང་གི་འགྲེམས་བྱ་ཕུན་སུམ་ཚོགས་ཤིང་། ནང་དོན་ལ“དཔལ་འབྱོར་འཕེལ་རྒྱས”དང་། “རིག་གནས་ཡུལ་སྐོར” “རྫོང(ཆུས)གི་ཁྱད་ཆོས” “ཐོན་ལས་བོད་སྐྱོར་གྱི་གྲུབ་འབྲས” “གྲགས་ཅན་ཁྱད་ལྡན་ཐོན་རྫས”བཅས་འགྲེམས་ཁུལ་ཆེ་གྲས་ལྔ་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས། སྐབས་འདིའི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཆབ་མདོའི་ཁེ་ལས་20ལྷག་ཙམ་ཞུགས་ཡོད་ཅིང་། ཐོན་རྫས་སྣ་ཁ་100ལྷག་ཙམ་འགྲེམས་སྟོན་བྱས་པར་ཚགས་ཤ་དང་། ནས་ཀྱི་བཟོས་རྫས། རྒུན་ཆང་། བོད་སྨན། སེར་ཤ ཨ་བྷི་ཥ། དབྱར་རྩྭ་དགུན་འབུ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་། དེ་བཞིན་ཐང་ག་དང་ཤིང་བརྐོས་སོགས་ཀྱི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཚུད་ཡོད། དེ་དང་ཆབས་ཅིག བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་གདན་དྲངས་ནས་ཡུལ་དངོས་སུ་རྩ་ལྟ་བ་དང་སྨན་བཅོས་བྱས་པའི་ཁར། བོད་ལུགས་གསོ་རིག་དང་བོད་སྨན་དྲིལ་བསྒྲགས་ངོ་སྦྱོར་བྱས་པ་མ་ཟད། ད་དུང་ཆབ་མདོའི་རི་མོ་མཁས་ཅན་ས་ཡུལ་དངོས་སུ་ཐང་ག་བཞེངས་པར་གདན་དྲངས་ཏེ། བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་མཛེས་པ་ངོམས་ཡོད་ཅེས་བརྗོད།

དེ་ཉིན་གྱི་ཚོང་འགུགས་འོས་སྦྱོར་ཚོགས་འདུར། ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཆབ་མདོའི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་བྱས་པ་དང་། སྨར་ཁམས་རྫོང་དང་། བྲག་གཡབ་རྫོང་། རི་བོ་ཆེ་རྫོང་། དཔལ་འབར་རྫོང་། མཛོ་སྒང་རྫོང་། འཇོ་མདའ་རྫོང་། ཆབ་མདོ་ཁང་ཏན་ནུས་རྒྱུ་གཙང་མའི་མ་འཇོག་ཀུང་སི་བཅས་ཀྱིས་ཚོང་འགུགས་མ་འདྲེན་ཐད་འོས་སྦྱོར་བྱས་པ་རེད།