འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་20ཉིན་2023ལོའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་རྒྱལ་ནང་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་དེ་ཁྲུང་ཆིང་མི་དམངས་ཐང་ཆེན་དུ་འཚོགས་ཤིང་། ཁྲུང་ཆིང་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན་སོགས་ས་ཆའི་སྨྱན་སྦྱོར་དང་། སི་ཁྲོན་དང་ཁྲུང་ཆིང་སོགས་ས་ཆའི་ཡུལ་སྐོར་ལས་དོན་ཁང་གི་མི་150ལྷག་ཙམ་ཞུགས་ཡོད་པ་རེད།
འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག ཁྲུང་ཆིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཤིས་ཚིག་གསུངས་པ་རེད། རི་བོ་ཆེ་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་རི་བོ་ཆེ་རྫོང་གི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་གནང་ཡོད། ཁྲུང་ཆིང་གི་འབྲེལ་ཡོད་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བློ་མཐུན་གྱིས་ངོ་མཚར་ཆེ་བའི་ཁྲོན་བོད་ལམ་ཐིག(G318དང་G31)བོད་ལྗོངས་ཆབ་མདོའི་དུམ་བུའི་ཡུལ་སྐོར་མྱོང་རོལ་བྱས་པ་རེད། དེ་དང་ཆབས་ཅིག་2023ལོའི་རྒྱལ་ནང་གི་ཡུལ་སྐོར་ཚོང་པ་དང་སྨྱན་སྦྱོར་ཚོགས་པས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཆབ་མདོར་བསྐྱོད་དེ་གསར་རྩོམ་གྱི་ཉམས་བཟང་ལ་པར་ལེན་བྱེད་པ་དང་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་པའི་བྱེད་སྒོའི་དར་ཆ་སྤྲོད་པའི་མཛད་སྒོ་འཚོགས་པ། བོད་ལྗོངས་ཆབ་མདོའི་ཇ་རྟའི་གནའ་ལམ་གྱི་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གིས་ཁྲུང་ཆིང་ཧེ་ཕི་ཡུལ་སྐོར་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚད་ཡོད་ཀུང་སི་དང་། ཁྲུང་ཆིང་ཞོལ་ལང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚད་ཡོད་ཀུང་སི། ཁྲུང་ཆིང་ཤིང་རུའེ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚད་ཡོད་ཀུང་སི། ཁྲུང་ཆིང་ཏ་ཀྲུང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཚད་ཡོད་ཀུང་སི་སོགས་དང“མགྲོན་པོ་ཆབ་མདོར་བཀུག་པར”གྲོས་མཐུན་བཞག་པ་དང་། ད་དུང་ཆབ་མདོའི་ཡུལ་སྐོར་དྲིལ་བསྒྲགས་པར་གཞི་དང་ཡུལ་ལྗོངས་པར་རིས་ལ་བལྟས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་ཁྱོན་གྲོང་མི་ཁྲི་ཙམ་དང་ཡུལ་སྐོར་བ་ཁྲི་ལ་ཉེ་བ་ཞུགས་རྒྱུའི་ཡིད་དབང་བཀུག་ནས་དྲིལ་བསྒྲགས་དཔྱད་ཡིག་6000ལྷག་ཙམ་སྤྲད་པ་དང་། ཁྱོན་སྨྱན་སྦྱོར་ཁང་36གིས་གནས་ཚུལ་སྤེལ་བ། ས་གནས་ས་ཐོག་ཏུ་ཐད་གཏོང་བྱེད་ཚད་ཁྱོན་ཁྲི་60ལྷག་ཙམ་ཟིན་ཡོད་པ་རེད།