འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཧྥུའུ་ཅན་ཞིང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཡན་གྱིས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བས་སྣེ་ཁྲིད་དེ་ཧྥུའུ་ཅན་དུ་ཡོང་ནས་ཆབ་མདོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བར་མཇལ་འཕྲད་གནང་ཡོད།
(པར་ངོས་དང་པོར་མཐུད) ཧྥུའུ་ཅན་ཞིང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཞུས་ཧྲོའུ་ཡའོ་དང་། ཧྥུའུ་ཅན་ཞིང་ཨུད་དྲིལ་བསྒྲགས་པུའི་པུའུ་དོན་ཚོགས་པའི་ཁོངས་མི་དང་ཤེས་དཔལ་གཞུང་དོན་ཁང་གི་ཀྲུའུ་རེན་ལི་ཆི་མཇལ་འཕྲད་ནང་ཞུགས་ཡོད།ཀྲང་ཡན་གྱིས་ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཆབ་མདོས་ཧྥུའུ་ཅན་དུ་གསོ་སྦྱོང་འཛིན་གྲྭ་གཉེར་བར་དགའ་བསུ་ཞུས་པ་དང་། ཆབ་མདོ་གྲོང་ཁྱེར་གྱིས་ཤེས་དཔལ་སྲོལ་གཏོད་ཐད་ཐོབ་པའི་གྲུབ་འབྲས་ལ་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་2016ལོའི་ཟླ་7པར་ཧྥུའུ་ཅན་གྱིས་ཁ་གཏད་བོད་སྐྱོར་བྱ་ཡུལ་ཉིང་ཁྲི་ནས་ཆབ་མདོ་བར་ལེགས་སྒྲིག་བྱས་པ་ནས་བཟུང་ས་ཁུལ་གཉིས་ཀྱི་མི་རིགས་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་པ་དང་།“ཐང་གའི་ཚོན་རྩི”ཞེས་པའི་སྒྱུ་རྩལ་གྱི་རྣམ་པ་གསར་རྐྱང་དེ་ནི་ས་གནས་གཉིས་པོའི་ལོ་རྒྱུས་དང་རིག་གནས་མཉམ་འདྲེས་ཟབ་མོ་བྱུང་བའི་འོད་སྟོང་འཕྲོ་བའི་སྙིང་བཅུད་ཅིག་རེད་ཅེས་གསུངས། ཀྲང་ཡན་གྱིས་ཧྥུའུ་ཅན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོའི་འབྱུང་གནས་ཡིན་ཞིང་། ཧྥུའུ་ཅན་གྱིས་ངེས་པར་དུ་བོད་སྐྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རྣམ་གྲངས་ཀྱི་མ་དངུལ་ལ་དམ་འཛིན་དང་། གསར་གཏོད་ལས་དོན་ཡག་པོ་སྒྲུབ་པ། ས་གནས་གཉིས་ཀྱི་ཕྱོགས་མང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་ཁ་གཏད་རོགས་སྐྱོར་ཞིང་ཆེན་གྱིས་འཁུར་འོས་པའི་འགན་འཁྲི་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཧྥུའུ་ཅན་དང་ཆབ་མདོའི་དེ་སྔའི་མཉམ་ལས་ཀྱི་རྨང་གཞིའི་ཐོག་རིག་གནས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་ལམ་སྲོལ་འཐུས་ཚང་། སྤུས་ཚད་མཐོ་པོས་ཆབ་མདོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུར་སྐུལ་འདེད། ཁ་གཏད་རོགས་སྐྱོར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཅས་བྱས་ཏེ། ཧྥུའུ་ཅན་དང་ཆབ་མདོའི་དྲིལ་བསྒྲགས་རིག་གནས་སྤེལ་རེས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་ཐུབ་པ་བྱེད་རྒྱུའི་བསམ་པ་བསྟན་ཡོད།
དངོས་གྲུབ་ཟླ་བས་ཐོག་མར་ཀྲང་ཡན་ལ་ཧྥུའུ་ཅན་དུ་གསོ་སྦྱོང་བྱེད་པར་ཡོང་མཁན་མི་སྣའི་གྲུབ་ཆའི་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཧྥུའུ་ཅན་མི་དམངས་དང་བོད་སྐྱོར་ལས་བྱེད་པ་ཡོངས་ཀྱིས་དུས་ཡུན་རིང་པོའི་ནང་བོད་སྐྱོར་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཧྥུའུ་ཅན་གྱི་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཁས་ལེན་བྱས་པ་དང་འབྲེལ་ཆབ་མདོ་གྲོང་ཁྱེར་གྱི་གནས་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཚུལ། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པ། ཆབ་མདོའི་དྲིལ་བསྒྲགས་པུའི་ལས་དོན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད།
ཁོང་གིས་ཧྥུའུ་ཅན་ཞིང་ཨུད་དྲིལ་བསྒྲགས་པུའུ་ཡིས་སྔར་བཞིན་ཆབ་མདོའི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ས་གནས་གཉིས་པོའི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་སྤེལ་རེས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ།རིག་གནས་དྲིལ་བསྒྲགས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་།ཤེས་དཔལ་གྲོང་ཁྱེར་གཏོད་པ། སྨྱན་སྦྱོར་ལྟེ་གནས་འཛུགས་སྐྱོང་།དེ་བཞིན་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ས་གནས་གཉིས་པོའི་དྲིལ་བསྒྲགས་རིག་གནས་མཐུན་སྦྱོར་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།