འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་5ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གིས“བྱིས་པའི་བསམ་བློ་ཏང་ལ་ཕྱོགས། འཕྱར་བ”ཞེས་པ་བརྗོད་དོན་གཙོ་བོའི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་མཉམ་གཞས་འགྲན་བསྡུར་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ལྔ་བཞིའི་བྱ་འགུལ་སྤེལ་ནས་ལོ་104འཁོར་བར་དྲན་གསོ་ཞུ་བ་དང་། སློབ་གྲོགས་ཡོངས་སྐུལ་སློང་དང་འབོད་སྐུལ་བྱས་ནས་ལྔ་བཞིའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་འབྱུང་འགྱུར་གྱི་རྒྱང་སྐྱོད་དང་འགྲན་སློང་ཁྲོད་གཞོན་ནུ་ཚོའི་ཉམས་འགྱུར་མངོན་པ་བྱ་རྒྱུ་དང་རྒྱལ་ཁབ་དང་མི་རིགས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་རྒྱུ་དེ་རེད།
དེ་རྗེས་འགྲན་བསྡུར་ལོ་རིམ་བརྒྱད་པའི་འཛིན་གྲྭ་བཞི་པས་མཉམ་གཞས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་ནང་འགོ་ཚུགས་པ་དང་།《སྐར་ལྔའི་དར་དམག》དང་། 《མེས་རྒྱལ་གླུ་ལེན》《ང་དང་ངའི་མེས་རྒྱལ》སོགས་འགྲན་བསྡུར་ནང་ཞུགས་མཁན་འཛིན་གྲྭའི་ངོ་མཚར་ཆེ་བའི་ལེ་ཚན་10རིམ་པ་བཞིན་འཁྲབ་སྟོན་བྱས་པ་རེད།