འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་ཚིགས་དང་པོའི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ལོ་འགོར་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གནོན་ཤུགས་ཆེ་རུ་བཏང་སྟེ་འབད་འབུངས་ཡར་བརྩོན་བྱས་ནས་ཆབ་མདོའི་དཔལ་འབྱོར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་བ་དང་སྤུས་ཚད་ནུས་ལྡན་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། ཀུང་ཧུའེ་ཚའེ་ཡིས་མིག་སྔར་དུས་ཚིགས་གཉིས་པར་སླེབས་ནས་རྣམ་གྲངས་འཛུགས་སྐྲུན་གྱི“དུས་སྐབས་ཡག་ཤོས”དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་རིམ་ཁག་སྡེ་ཚན་ཁག་གིས་དམིགས་ཚད་གཏན་འཁེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ“དཔལ་འབྱོར་བརྩོན་ལེན”གྱི་ལས་འགན་དང་བྱ་ཐབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་དགོས། མ་དངུལ་འཇོག་པར་དམིགས་ནས་རྣམ་གྲངས་དམ་འཛིན་བྱ་དགོས། འགུལ་ནུས་སྟོབས་ཆེར་གཏོང་བའི་ཐོན་ལས་སྐྱེད་སྲིང་བྱེད་དགོས། མི་དམངས་ཀྱི་བླ་ན་མེད་པའི་དམངས་འཚོར་ཕན་པ་འདོགས་རྒྱུ་མཐའ་འཁྱོངས་བྱེད་དགོས། ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་ལ་སྐུལ་འདེད་གཏོང་དགོས། བརྟན་ལྷིང་སྲུང་སྐྱོང་དང་འགན་སྲུང་ཤུགས་ཆེར་གཏོང་དགོས། སྤྱོད་ཚུལ་འགྱུར་ལྡོག་བཏང་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་ཡོད།