འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས1ཉིན་གྱི་སྔ་དྲོ་2023ལོའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་“སྤྲོ་ཞིང་སྤྲོ་བའི་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བ”སྐབས་ལྔ་བ་འགོ་ཚུགས་མཛད་སྒོ་དེ་ཇ་རྟ་ཐང་ཆེན་དུ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་འགོ་ཚུགས་པར་ཁྱབ་བསྒྲགས་བྱས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་ཤིས་ཚིག་གསུངས་ཡོད།
ཟླ5པའི་ཚེས1ཉིན་ནས་ཚེས31ཉིན་བར་ཆབ་མདོ་གྲོང་ཁྱེར་གྱིས་དྲ་ཕྱིའི་བྱེད་སྒོ་དང་དྲ་ཐོག་ཚོང་གཉེར་ཕན་ཚུན་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་“རིག་གནས་ཡུལ་སྐོར་ཆེད་དོན་འགྲེམས་སྟོན”“སྤྲོ་ཞིང་སྤྲོ་བའི་ཁམས་པའི་ཞིམ་ཟས་འགྲན་སྡུར་ཆེ་མོ”“ལྕགས་རྟའི་འགྲན་སྡུར”“ཡུལ་སྐོར་གཟུགས་བརྙན་ཕོ་ཉ་འདེམས་པའི་འགྲན་སྡུར”སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
གྲོང་ཁྱེར་ཡུལ་སྐོར་མཐུན་ཚོགས་ཀྱི་དྲུང་ཆེ་བློ་བཟང་བསྟན་པས་ངོ་སྤྲོད་བྱས་པར་གཞིགས་ན།“སྤྲོ་སྤྲོ་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བར་”གྲ་སྒྲིག་ཟླ་བ་གཉིས་ཙམ་བྱས་པ་དང་། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་60ལྷག་ཙམ་ཟིན་པ། འབྲེལ་ཡོད་བྱེད་སྒོ་13ཡོད་པ་བཅས་མི་དེ་བས་མང་བ་ཆབ་མདོར་ཡུལ་སྐོར་དང་ཆབ་མདོའི་འཕེལ་རྒྱས་ལ་ལྟ་བར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།