འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས3ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་སྔ་རྗེས་སུ་སྟེང་ཆེན་རྫོང་ས་སྒང་ཤང་དང་གྱང་སྔོན་ཤང་། ཟོག་འགྲེམས་ཀུང་སི་སོགས་སུ་ཕེབས་ནས་སྤྱི་ཚོགས་བརྟན་ལྷིང་དང་མང་ཚོགས་ཀྱི་འབབ་འཕར། རྨང་གཞིའི་སློབ་གསོ། དབྱར་རྩྭ་དགུན་འབུ་རྐོ་བ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཡོད་པ་རེད།
སྟེང་ཆེན་རྫོང་གི་ཁྱུང་གནས་གཙང་ཟོག་འགྲེམས་ལྟེ་གནས་སུ་ཀུང་ཧུའེ་ཚའེ་ཡིས་ཟོག་འགྲེམས་ཀུང་སིའི་འཁོར་སྐྱོད་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བར་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་ཆས་བེད་སྤྱོད་དང་འཁོར་སྐྱོད་བདེ་འཇགས་ལ་སྣང་ཆེན་བྱས་ཏེ་ཟོག་འགྲེམས་ལས་སྟེགས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་དྲ་རྒྱའི་ཟོག་འདྲེན་ལས་སྟེགས་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་ཉོ་ཚོང་གི་མ་རྩ་དམའ་རུ་གཏོང་བ་དང་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ་དང་། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ལ་རོགས་སྐྱོར་བྱས་ནས་རླངས་འཁོར་རུ་ཁག་ཆེན་པོའི་གཉེར་སྐྱོང་དང་། རླངས་འཁོར་བོགས་གཏོང་མཉམ་སྤྱོད་སོགས་ཀྱི་བྱེད་སྟངས་གསར་པ་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ་ཟོག་འདྲེན་ཁེ་ལས་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སྟེང་ཆེན་རྫོང་ས་སྒང་ཤང་སློབ་ཆུང་དུ་ཀུང་ཧུའེ་ཚའེ་ཡིས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ལས་དོན་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། (པར་ངོས་དང་པོར་མཐུད) འབྲེལ་ཡོད་སྡེ་ཚན་ཁག་གིས་སློབ་གསོའི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་འབྱུང་རྩ་གསལ་རྟོགས་བྱས་ཏེ་སློབ་མ་རྣམས་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་འཆར་འགོད་གཏིང་ཟབ་དང་ཕྱོགས་བསྡུས་ངང་སྲིད་ཇུས་ལག་བསྟར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་དགོས། སློབ་གསོ་དང་སློབ་ཁྲིད་ལས་ཀའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་དངོས་ཐག་གཅོད་ཡག་པོ་བྱེད་པ་དང་།མི་སེམས་ལ་ཟུག་པའི་ཁོར་ཡུག་བསྐྲུན་ནས་གཞི་རིམ་གྱི་སློབ་གསོའི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་ཞེས་ནན་བཤད་གནང་ཡོད།
གྱང་སྔོན་ཤང་རྨེ་རུའི་གནས་སྐབས་ཞིབ་བཤེར་ས་ཚིགས་སུ་ཀུང་ཧུའེ་ཚའེ་ཡིས་འཐབ་ས་དང་པོར་ལས་ཀ་བྱེད་མཁན་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་བཅའ་སྡོད་ལས་དོན་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་གནང་ཞིང་། ཚང་མས་འགན་འཁྲིའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་སེལ་བ། ལས་ཀའི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་ནན་ཏན་བཅས་བྱས་ཏེ་འགྲོ་འོང་བྱེད་མཁན་མང་ཚོགས་ལ་བདེ་འཇགས་དང་སྤུས་ལེགས། ཕན་ཆེ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཏོན་ཡོད་ལ་ཚང་མས་རང་ངོས་ཀྱི་བདེ་ཐང་ལ་ལྟ་རྟོག་ཡག་པོ་བྱས་ནས་ཁྲིམས་ལྟར་དང་ཚད་ལྡན་ངང་ལས་དོན་སྤེལ་དགོས་པའི་མངགས་བཅོལ་གནང་བར་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་འཐབ་ས་དང་པོར་བཅའ་སྡོད་ལས་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ་ཚང་མས་བསམ་པའི་འཁྱེར་སོ་བཟང་པོ་དང་ལས་ཀའི་སྙིང་སྟོབས་ལ་བརྟེན་ནས་བཅའ་སྡོད་ལས་དོན་ནང་ཞུགས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་དང་།ཧྲེ་ཀྲང་གཞོན་པ་དབང་འདུས།གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་དབས་དབང་ནན་བཅས་ལྷན་དུ་བརྟག་ཞིབ་ནང་ཞུགས་ཡོད།