国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年05月05日

“སློབ་སྤྱི་ཨ་མས”དབང་སྐྱོན་ཕྲུ་གུར་གཤོག་ཟུང་བསྒར་བ།

—— རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”ཚེ་རིང་ལྷ་མོའི་སྐོར་བཀོད་པ།

“སློབ་སྤྱི་ཨ་མས”དབང་སྐྱོན་ཕྲུ་གུར་གཤོག་ཟུང་བསྒར་བ།

ཚེ་རིང་ལྷ་མོ་ནི་ད་ཆ་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཡིན་ཞིང་། 1994ལོའི་ཟླ་7པར། ཁོང་གིས་སློབ་གསོའི་བྱ་གཞག་ལ་དགའ་ཞེན་ཚད་མེད་བཅངས་ནས་དགེ་རྒན་ཞིག་བྱས། དམའ་རིམ་སློབ་འབྲིང་དུ་སློབ་ཁྲིད་ལོ་3དང་མཐོ་རིམ་སློབ་འབྲིང་དུ་སློབ་ཁྲིད་ལོ་10བྱས་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ལོ་6དང་དམིགས་བསལ་སློབ་གསོ་ལོ་9གཉེར་བའི་རིང་དགེ་རྒན་དཀྱུས་མ་ཞིག་ནས་སློབ་གྲྭའི་དོ་དམ་པའི་བར་དང“ལྔ་གཅིག”ངལ་རྩོལ་གཟེངས་རྟགས་ཐོབ་མཁན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི། “དགེ་རྒན་ཡག་ཤོས”སོགས་ཀྱི་བར། སློབ་ཁྲིད་ཀྱི་འཐབ་ས་དང་པོ་ཡིན་ནའང་འདྲ། ཡང་ན་དོ་དམ་གྱི་ལས་གནས་སུ་ཡིན་ཡང་རུང་། ཚེ་རིང་ལྷ་མོས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་ཀུན་སྤྱོད་དང་ཉམས་འགྱུར་བཟང་པོ་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ཉེ་འགྲམ་གྱི་མི་ལ་ཤུགས་རྐྱེན་བཟང་པོ་ཐེབས་པར་བྱས་པས། སློབ་མ་དང་། ལས་རོགས། སྤྱི་ཚོགས་བཅས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་པ་རེད།

2013ལོར་ནག་ཆུ་ས་ཁུལ(ད་ཆ་ནག་ཆུ་གྲོང་ཁྱེར)གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་བཙུགས་པ་དང་ཚེ་རིང་ལྷ་མོས་སློབ་གྲྭའི་སློབ་སྤྱིའི་འགན་འཁུར་བ་རེད། “རྒྱུས་མངའ་སྤུ་ཙམ་ཡང་མེད་པ་དང་ཐ་ན་ནག་ཆུའི་སློབ་གསོའི་འཐབ་ཕྱོགས་སུ་སྟོང་ཆར་ལུས་པའི་ལས་གནས་གསར་པ་ཞིག་ཏུ་སླེབས་སྐབས་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད་པ་ཚོར་བྱུང”ཚེ་རིང་ལྷ་མོས་གནོན་ཤུགས་དེ་སྒུལ་ཤུགས་སུ་བསྒྱུར་ནས་བློ་བརྟན་འགྱུར་མེད་ངང་ལས་གནས་གསར་པར་ཞུགས།

ནག་ཆུ་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་ཁ་ཐོར་དུ་གནས་ཡོད། སློབ་འགོ་མ་ཚུགས་གོང་ཚེ་རིང་ལྷ་མོས་སློབ་གྲྭའི་དགེ་རྒན་གྱི་སྣེ་ཁྲིད་དེ་དུས་ཡུན་ཟླ་བ་གཉིས་རིང་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་དབང་སྐྱོན་བྱིས་པ་དང་འབྲེལ་བའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་དམིགས་བསལ་སློབ་གསོའི་གལ་ཆེའི་རང་བཞིན་སོགས་འགྲེལ་བཤད་བརྒྱབ་པར། ལོ་དང་པོར་དབང་སྐྱོན་བྱིས་པ་60ལྷག་ཙམ་བདེ་བླག་ངང་སློབ་གྲྭར་བསྡུ་ཐུབ་ཡོད།

ཁྱིམ་ཚང་མང་པོར་བསྐྱོད་ནས་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱེད་སྐབས་དཀའ་ངལ་དང་དོགས་འདྲི་མང་པོ་འཕྲད་མོད། འོན་ཀྱང་དྲོ་སྐྱིད་ཀྱང་མི་ཉུང་བ་ཞིག་ཚོར་ཡོད། ཁྱིམ་བདག་གཅིག་གིས་རིག་སྟོབས་ཉམས་པའི་ཕྲུ་གུ་ཞིག་སློབ་གྲྭར་ཁྲིད་ཡོང་ནས“ཕྲུ་གུ་རང་མགོ་མི་ཐོན་པས་ཕྲུ་གུའི་འབྱུང་འགྱུར་ལ་སེམས་ཁྲལ་ཆེན་པོ་སྐྱེ་གི་འདུག སྟབས་ལེགས་པ་ཞིག་ལ་ད་ཆ་ནག་ཆུར་དམིགས་བསལ་སློབ་གྲྭ་ཡོད་པས་སེམས་ཁྲལ་བྱེད་དགོས་མི་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་བཤད་བྱུང་ཞེས་ཚེ་རིང་ལྷ་མོས་དྲན་གསོ་བྱེད་བཞིན་དུ་བཤད།

སེམས་གཏིང་གི་སྐད་ཆ་དེ་དག་ལས་ཚེ་རིང་ལྷ་མོར་སེམས་འགུལ་ཐེབས་པ་དང་ཁོང་གི་ཆོད་སེམས་ཀྱང་སྔར་བས་བརྟན་དུ་སོང་། “ནག་ཆུའི་དམིགས་བསལ་སློབ་གསོ་ངེས་པར་དུ་ཡག་པོ་གཉེར་བ་དང་ཕན་འབྲས་ཐོན་པ་བྱས་ནས། ཏང་དང་སྲིད་གཞུང་བློ་བདེ་བ་དང་རྒྱ་ཆེའི་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་ཀྱི་ཡིན”ཞེས་ཁོང་གིས་བཤད། དབང་སྐྱོན་ཕྲུ་གུ་ཚོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ཐུབ་པ་བྱ་ཆེད། སློབ་གྲྭ་བཙུགས་མ་ཐག་པའི་སྐབས་ཚེ་རིང་ལྷ་མོས་ལོ་ན་ཆེ་བའི་འོན་ལྐུགས་སློབ་མའི་ཁྲོད་དུ་ལས་རིགས་སློབ་གསོ་སྤེལ་བ་རེད། ཁོང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས“ཕྱོགས་གསུམ་གཞི་གཅིག”སྟེ། རིག་གནས་སློབ་གསོ་དང་། བདེ་ཐང་སླར་གསོའི་སློབ་གསོ། ལས་རིགས་སློབ་གསོ་བཅས་གཞི་གཅིག་ཅན་གྱི་སློབ་གཉེར་བྱེད་སྟངས་བཏོན་པ་དང་། སྒྲ་སྙན་དང་། ལག་ཤེས། རི་མོ་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད། ཁོང་གིས་ད་དུང་ལོ་ན་ཆེ་བའི་ཕྲུ་གུར་འཁེལ་འཐག་འཛིན་གྲྭ་དང་། འཚེམ་བཟོའི་འཛིན་གྲྭ ཁ་གདན་འཛིན་གྲྭ གཡོས་སྦྱོར་འཛིན་གྲྭ རྫ་ཆས་སྒྱུ་རྩལ་འཛིན་གྲྭ་བཅས་བཙུགས་པ་དང་འབྲེལ“1+3གྱི་སློབ་ཚན”གསར་སྤེལ་བྱས་ཏེ་ཕྲུ་གུ་ཚང་མའི་མི་ཚེར་བཀྲག་མདངས་འཚེར་བའི་གོ་སྐབས་བཏོད་ཡོད། ངལ་རྩོལ་གྱི་ལག་ལེན་བརྒྱུད། སློབ་མ་ཚོས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འཚེམ་བཟོའི་ཐོན་རྫས་རིགས་180ལྷག་ཙམ་དང་། འཁེལ་འཐག་ཐོན་རྫས་རིགས་20ལྷག་ཙམ། ཁ་གདན་རིགས་6 གཡོས་སྦྱོར་རིགས་20ལྷག་ཙམ། རྫ་ཆས་སྒྱུ་རྩལ་བརྩམས་ཆོས་རིགས་100ལྷག་ཙམ་བཅས་བཟོ་ཐུབ་ཀྱི་ཡོད།

ཚེ་རིང་ལྷ་མོས། ལོ་བཅུའི་རིང་གི་སློབ་གསོའི་ལག་ལེན་ལས་ཕྲུ་གུ་ཚོར་རང་བརྟེན་ལས་གཏོད་དང་ལས་ཞུགས་ལ་རྩལ་ནུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད། མིག་སྔའི་བར་སློབ་གྲྭར་སློབ་མ་65ལས་ཞུགས(ལས་གཏོད)དང་གྲལ་སྡོད་མཉམ་སྦྱོང་དང་སློབ་འཕར་བྱུང་བ་དང་། དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་4དང་། ཨང་གཉིས་པ་ཐོབ་མཁན་8 ཨང་གསུམ་པ་ཐོབ་མཁན་5བཅས་དང་ལྗོངས་ཡོངས་ཀྱི་སྤྱོད་བཟང་ན་གཞོན་3ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཚེ་རིང་ལྷ་མོས་སློབ་ཁྲིད་བྱེད་པ་དང་ཆབས་ཅིག་བློ་རྩེ་གཅིག་སྒྲིམ་གྱིས་རིག་གཞུང་ཞིབ་འཇུག་ལ་གཞོལ་ཞིང་། ཁོང་གིས་གཙོ་སྐྱོང་གནང་བའི་ཞིབ་འཇུག་བྱ་གཞི《བོད་ཀྱི་འོན་ལྐུགས་སློབ་མའི་ལས་རིགས་སློབ་གསོ་ལག་ལེན་དང་ཞིབ་འཇུག》ལ་སྐབས་དང་པོའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། 《བོད་ཀྱི་དམིགས་བསལ་སློབ་མའི་རང་མགོ་ཐོན་ནུས་དང་ལས་རིགས་རྩལ་ནུས་ཀྱི་ལག་ལེན་འཚོལ་ཞིབ》ཅེས་པའི་ཞིབ་འཇུག་བྱ་གཞི་2019ལོར་སྐབས་ལྔ་པའི་ཀྲུང་གོའི་སློབ་གསོ་གསར་གཏོད་གྲུབ་འབྲས་ཀྱི་སྤྱི་ཕན་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་པ། 《འཚོ་གནས་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་སྐོར་གྱི་བོད་ཀྱི་དམིགས་བསལ་སློབ་མའི་ངལ་རྩོལ་སློབ་གསོ་དང་ལག་ལེན་འཚོལ་ཞིབ》ལ་རང་སྐྱོང་ལྗོངས་ཀྱི་སྐབས་གཉིས་པའི་རྨང་གཞིའི་སློབ་གསོ་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།

2022ལོའི་ཟླ་5པར་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པ་བདེ་བླག་ངང་སློབ་འགོ་ཚུགས་ནས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོས་རིགས་དབྱེ་སློབ་གཉེར་གྱི་སློབ་གསོ་གཉེར་འགོ་ཚུགས་པ་དང་། 2022ལོའི་ཟླ་8པར་རིག་སྟོབས་སྐྱེད་སྲིང་གི་སློབ་གསོ་འཚོལ་ཞིབ་བྱེད་འགོ་ཚུགས་པ་དང་འབྲེལ། སློབ་ཞུགས་གོང་དང་ལས་རིགས་མཐོ་རིམ་སློབ་འབྲིང་གི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་ཁྲིད་བྱེད་སྟངས་ལག་ལེན་བསྟར་འགོ་ཚུགས་པ་རེད།

“མི་ཞིག་ཡིན་ཕྱིན་རྒྱུན་ཆད་མེད་པར་འགྲན་སློང་བྱེད་དགོས་པ་དང་རྒྱུན་ཆད་མེད་པར་ལས་དབང་གསར་པ་གཏོད་དགོས”ཞེས་པའི་སྐད་ཆ་དེར་ཚེ་རིང་ལྷ་མོའི་སློབ་གསོའི་ལོ་རྒྱུས་ལས་གསལ་འགྲེལ་ཐུབ་ཡོད།