国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月18日

མགུར་སྣ་ཚོགས་ཀྱི་གདངས་ཁྱེད་དེ་རིང་དྲན།

ཅོང་ཆུའི་གྲོལ་སྡེ།(དཀར་མཛེས།)

ཡུམ་མྱང་ཚ་ཡི་ལྷུམས་ནས་འཕོས་པའི་གཏམ།།

ཡབ་ཤེས་རབ་ཀྱི་ཐོས་ན་དགའ་བའི་བུ།།

ཡུལ་སྐྱ་རྔ་རུ་འཁྲུངས་བའི་ཐོས་པ་དགའ།།

དམན་སོ་སྐྱེས་བཞིན་འཁྲུངས་ཁྱེད་དེ་རིང་དྲན།།

གཉེན་ཨ་ནེ་གཙོས་དགྲ་བོའི་དྭངས་མར་གྱུར།།

ནང་མ་སྨད་ཀྱི་རེ་བའི་གཞི་མར་གྱུར།།

མཐུ་གཏད་སེར་ལ་སྦྱངས་བ་ཐོགས་མེད་མཛད།།

ལན་བུ་ལོན་ཅིག་གནངས་ཁྱེད་དེ་རིང་དྲན།།

མ་མྱང་ཚ་ཡིས་ཐ་མའི་རེ་བ་བཞགས།།

སྲིང་པེ་ཏ་ཡི་མིག་ཆུས་བསྐྱེད་མ་མཛད།།

ཡུལ་གུང་ཐང་གི་ལ་མོ་བརྒལ་ནས་སོང་།།

སྨན་མཛེས་སེ་ཡང་བསྐྱུར་ཁྱེད་དེ་རིང་དྲན།།

ཀློག་ཐོས་བསམ་ལ་འཇུག་པའི་སློབ་དཔོན་ནས།།

མཐུ་གཏད་སེར་ལ་མཁས་པའི་གཡུང་སྟོན་བརྒྱུད།།

ཕ་མར་བ་ཡི་ཞབས་ཟུང་ཟིན་གྱི་བར།།

མགོན་དབྱེར་མེད་དུ་བརྟེན་ཁྱེད་དེ་རིང་དྲན།།

ཐུགས་བཙན་པོ་ཡི་སྒྲ་སྒྱུར་མར་བ་དང་།།

རྒྱུད་འཇམ་པོ་ཡི་བདག་མེད་ཡུམ་གྱི་དྲིན།།

མཁར་དགུ་ཐོག་ཞིག་བརྩིགས་པའི་དཀའ་སྤྱད་མཛད།།

ལུས་སྒྲིབ་པ་ཀུན་བྱིངས་ཁྱེད་དེ་རིང་དྲན།།

རྗེ་ནོ་རོ་བས་གུས་པའི་ཕྱག་ཀྱང་འཚལ།།

ལྷ་བླ་མ་ཡིས་རྨི་ལམ་ལུང་ཡང་བསྟན།།།

ཕ་མར་བ་ཁོང་སྣོད་ལྡན་སློབ་མར་མཁྱེན།།

དབང་མན་ངག་ཡོངས་ཐོབ་ཁྱེད་དེ་རིང་དྲན།།

སྐྱེས་ཤེས་རབ་གྱི་རལ་གྲི་རྣོ་བའི་ཁར།།

སྦྱངས་བརྩོན་འགྲུས་ཀྱི་ཡོན་ཏན་ཁུར་དུ་དུལ།།

སྒོམ་ཉམས་རྟོགས་ཀྱི་མྱུ་གུ་མྱུར་ཏུ་འཁྲུངས།།

མགོན་ཡི་དམ་གྱིས་བསྐྱངས་ཁྱེད་དེ་རིང་དྲན།།

མནལ་རྨི་ལམ་དུ་རང་ཡུལ་གུང་ཐང་འགྲིམས།།

དྲིན་ཨ་མ་དང་བྲལ་བའི་གདུང་ཡུས་བྱུང་།།

ཕ་བླ་མ་ལ་མཐའ་མའི་གྱེས་ཕྱག་ཕུལ།།

རྗེས་གདམས་པ་བཞིན་བྱོན་ཁྱེད་དེ་རིང་དྲན།།

ཁྱིམ་ཀ་བཞི་དང་གདུང་བརྒྱད་འགྱེད་པ་མཐོང་།།

ཆོས་དཀོན་བརྩེགས་ཀྱང་ཐིག་པའི་བརྡུང་བར་མཇལ།།

ཞིང་འོར་མ་ལ་འཇག་མའི་བཀང་བ་གཟིགས།།

ཚུལ་མི་རྟག་ལ་མཇལ་ཁྱེད་དེ་རིང་དྲན།།

གནས་མཆོག་གྱུར་ཏེ་བྲག་དཀར་རྟ་སོ་ནས།།

ཆོས་ཟབ་མོ་དེ་དབུ་མའི་ལྟ་བ་རྟོགས།།

ཐུགས་ཡེངས་མེད་དུ་རི་ལ་བསྒོམས་མགོ་བརྩམས།།

མགུར་སྣ་ཚོགས་ཀྱི་གདངས་ཁྱེད་དེ་རིང་དྲན།།

དྲིན་བླ་མ་དང་ཡི་དམ་དབྱེར་མེད་སྒོམ།།

གྲུབ་ཟུང་འཇུག་གི་གོ་འཕང་ཚེ་གཅིག་ཐོབ།།

བསྟན་འགྲོ་བ་ལ་ཕན་པའི་བྱ་བ་མཛད།།

རྗེ་བཞད་པ་རྡོ་རྗེ་ཁྱེད་དེ་རིང་དྲན།།