འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བརྒྱད་པ་ཡིན་ཞིང་། ངེད་གྲོང་ཁྱེར་གྱི་ཚན་པ་ཁག་གིས“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་བྱང་ཚད་མཐོ་རུ་བཏང་སྟེ་བདེ་འཇགས་ཀྱི་བཀོད་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་ལེན་བྱེད་པའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྒྱལ་ཁབ་བདེ་འཇགས་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྣ་ཚོགས་གཏིང་ཟབ་སྤེལ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་འཛིན་པའི་དམངས་ཡོངས་ཀྱི་ངོས་འཛིན་ཟབ་ཏུ་བཏང་བ་དང་རྒྱལ་ཁབ་བདེ་འཇགས་སྲུང་བའི་ནང་མི་ཚང་མས་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་གཏོད་ཆེད། ཚེས་15ཉིན་གྱི་སྔ་དྲོ། རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཞིག་ཆབ་མདོ་གྲོང་ཁྱེར་བཅིངས་འགྲོལ་ཐང་ཆེན་དང་ཇ་རྟ་ཐང་ཆེན་དུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས། རྩ་ཆེའི་ཉམས་མྱོང་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཁར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་སྟེ། རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་པ་དང་མི་སེམས་སུ་ཟུག་པར་བྱས་ཡོད། ཐེངས་དེའི་བྱེད་སྒོར་ཆ་འཕྲིན་པར་རིས་དང་། བརྙན་ཐུང་། བྱེད་སྒོའི་གནས་ཚུལ་བཅས་ཁག་280ལྷག་ཙམ་བརྒྱུད་བསྐུར་དང་བརྒྱུད་བཀོད་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི་6.5ལྷག་ཙམ་སྤྲད་པ། མང་ཚོགས་མི་ཐེངས་5000ལྷག་ཙམ་གྱི་བློ་འདྲི་དང་ལེན་བྱས་པ་རེད།

