国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月18日

སྨར་ཁམས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་ཤུགས་བསྣན་ནས་ཁྱད་ལྡན་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་བཏོད་པ།

འདི་ནི་གྲོང་མིས་ཁམས་པའི་ཚ་ལུ་མ་བཏོག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་བཞི་བའི་སྨར་ཁམས་ལ་དཔྱིད་ཀྱི་དཔལ་ཡོན་འབར་བ་དང་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཡོད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོའི་བྱ་འགུལ་སྤེལ་བ་དང་། ཤང་དང་གྲོང་རྡལ་ཁག་ཏུ་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་ཁྱབ་གདལ་དུ་བཏང་སྟེ་ཁྱད་ལྡན་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་ཡོད།

སྨར་ཁམས་རྫོང་གིས“གཙང་པོ་གཉིས་འབབ་ཡུལ”གྱི་ས་ཁམས་ལེགས་ཆར་བརྟེན་ནས་བཀོད་པ་ཇུས་འགོད་བྱས་ཏེ་ཁམས་པའི་ཚ་ལུ་མ་དང་ཀུ་ཤུ། སེ་འབྲུ་མངར་མོ། རྒུན་འབྲུམ། སྦྲང་ཁམ་སོགས་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་དེ་གཙོ་གནད་དཔལ་འབྱོར་ནགས་ཤིང་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སུ་བརྩིས་ནས། ནགས་ལས་ཐོན་ལས་འཛུགས་སྐྲུན་ལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནགས་ལས་རྩྭ་ཐང་ཅུའུ་ཡི་རྒྱབ་སྐྱོར་ཤུགས་ཆེན་འོག སྲིད་ཇུས་ཁྲིད་སྟོན་དང་ཐོན་ལས་རོགས་སྐྱོར།

ལག་རྩལ་མཛུབ་སྟོན་བཅས་བརྒྱུད་ནས་གཞི་ཁྱོན་ཅུང་ཆེ་བའི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་དུད་ཚང་སྐོར་ཞིག་སྐྱེ་སྲིང་བྱས་པ་དང་། ནགས་ལས་ཐོན་ལས་དེ་རོང་འབྲོག་པའི་འབབ་འཕར་དང་ཞིང་ནགས་ལས་ཕན་འབྲས་སྐུལ་འདེད་ཀྱི་དམ་འཛིན་བྱ་གཞིར་བརྩིས་ཏེ། སྡོང་འཛུགས་ནགས་སྐྲུན་དང་ཞིང་ལས་རོགས་སྐྱོར་གྱི་འབབ་འཕར་ཕན་འབྲས་སྤྱི་འདོམས་བྱས་ནས“ཆེད་ལས་མཉམ་ལས་ཁང+རྟེན་གཞི+ཞིང་དུད”གྱི་འཕེལ་རྒྱས་རྣམ་པ་བཙུགས་པ་དང་ནགས་ཤིང་ཐོན་ལས་དེ་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

སྨར་ཁམས་རྫོང་ནགས་ལས་རྩྭ་ཐང་ཅུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། སྨར་ཁམས་རྫོང་གིས་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོ་རྣམ་གྲངས་ཀྱི་དུས་མཚམས་དང་པོ་ལག་བསྟར་བྱས་པ་ནས་བཟུང་། དཔལ་འབྱོར་ནགས་ཤིང་རྟེན་གཞིའི་རྒྱ་ཁྱོན་མུའུ10009.8ལ་སླེབས་ཡོད་ཅིང་། དེའི་ནང་ཀུ་ཤུ་མུའུ3553.1དང་ཁམས་པའི་ཚ་ལུ་མ་མུའུ2196.43། སེ་འབྲུ་མུའུ725.87། གཡེར་མ་མུའུ634.9། རི་སྐྱེས་ཁམ་བུ་མུའུ2560.4། སྟར་ག་མུའུ639.1། དཔལ་འབྱོར་ནགས་ཤིང་གི་སྡོང་ཕྲུག་རྐང་ཁྲི34ལྷག་འདེབས་འཛུགས་བྱས་ཡོད། རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་བདེ་བླག་ངང་དུས་མཚམས་གཉིས་པར་སླེབས་ཡོད་ཅིང་། བསྡོམས་པས་མ་འཇོག་སྒོར་ཁྲི1100ལས་བརྒལ་བ་དང་རྟེན་གཞི་དང་མཉམ་ལས་རྩ་འཛུགས། ཁྱད་ཆོས། ལེགས་ཆ་བཅས་ཡོད་པ་དང་། གཞི་ཁྱོན་ཅན་ཐོན་ལས་ཐོན་ཅན་གྱི་འཕེལ་རྒྱས་ལམ་བུ་རིམ་བཞིན་ཆགས་ཡོད་ལ། དཔལ་འབྱོར་ནགས་ཚལ་ཁྱད་ལྡན་ཐོན་ལས་དེ་སྨར་ཁམས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་དང་འགན་ལེན་གལ་ཆེན་ཏུ་འགྱུར་ངེས་སོ། །