འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་4ཚེས་7ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་2023ལོའི་གྲོང་ཁྱེར་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་བཀོད་སྒྲིག་བྱེད་པའི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་གྱི་བཀོད་སྒྲིག་བརྙན་ལམ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་། 2022ལོའི“འཆལ་རྡུང་ལོག་སེལ”ལས་དོན་གྱི་ཕན་འབྲས་ཕྱོགས་སྡོམ་བྱས་པ་མ་ཟད་ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཡོད་པ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་། གྲོང་ཁྱེར“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དངོས་གྲུབ་ཟླ་བ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
དངོས་གྲུབ་ཟླ་བ་ཡིས2022ལོར་གྲོང་ཁྱེར་ཡོངས་ཀྱི“འཆལ་རྡུང་ལོག་སེལ”ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་དང་། འདུ་ཤེས། རིག་གནས་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་པར་གྲོང་ཁྱེར་ཡོངས་ཀྱི“འཆལ་རྡུང་ལོག་སེལ”འཐབ་ཕྱོགས་ཀྱིས་ཆེད་དོན་བཅོས་སྐྱོང་ཏན་ཏིག་བྱས་ནས“ཆེད་དོན་བཅོས་སྒྲིག་ཆེ་གྲས་བརྒྱད”ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས་པ་དང་། ཁྲོམ་རར་ཞིབ་བཤེར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གསར་འགྱུར་དཔེ་སྐྲུན་འགྲེམས་སྤེལ་གྱི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དྲ་རྒྱའི་བར་མཐོངས་མུ་མཐུད་གཙང་བཤེར་བྱས་ནས་ཁྲིམས་འཛིན་དང་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཟིལ་གནོན་ཞིག་ཆགས་པ་བྱེད་དགོས། མཉམ་འདྲེས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས“འཆལ་རྡུང་ལོག་སེལ”གཞི་རིམ་དུ་སྐྱོད་པའི་ལས་ཀའི་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་ཁེ་དབང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་སྒོ་ཀུན་ནས་བསྐྲུན་ཆེད་འགོ་ཡག་པོ་འཛུགས་རྒྱུ་དང་འབད་འབུངས་ཡར་བརྩོན་དང་སྐྱོན་བྲལ་ཡར་ཐོན་གྱི་སྤྱི་ཚོགས་རིག་གནས་ཁོར་ཡུག་ཅིག་གཏོད་དགོས་ཞེས་ནན་བཤད་བྱས་ཡོད།