国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年04月11日

གཟི་འོད་འཕྲོ་བའི་ཉེན་རྟོག་པའི་རྟགས་མ་ལས་ངོ་གནོང་མི་དགོས་པའི་སྙིང་སྟོབས་མངོན།

—— སྨར་ཁམས་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཀྲོའུ་ཧྲི་ཅུན་ལ་རྗེས་དྲན་ཞུ་བ།

2011ལོའི་ཟླ་12པར་དམག་དཔུང་ནང་ཞུགས་ནས་ལོ་8སོང་བའི་ཀྲོའུ་ཧྲི་ཅུན་དམག་སྒར་ནས་ཁ་བྲལ་སྟེ་སྨར་ཁམས་རྫོང་སྤྱི་བདེ་ཅུས་སུ་ཉེན་རྟོག་པའི་ལས་ལ་ཞུགས། ཕྱོགས་གཅིག་གི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་ནས་ཕྱོགས་གཅིག་གི་མང་ཚོགས་སྲུང་སྐྱོབ་བྱེད་པའི་བར་ཚང་མ་ནི་ཀྲོའུ་ཧྲི་ཅུན་གྱིས་རང་འགུལ་ངང་གདམ་ག་བྱས་པ་ཞིག་རེད།

ཞིང་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་མཐིལ་རྟོགས་བྱ་ཆེད་2013ལོར་ཀྲོའུ་ཧྲི་ཅུན་གྱིས་ཤང་གྲོང་མངགས་གཏོང་ཁང་དུ་ལས་ཀར་འགྲོ་རྒྱུའི་རེ་ཞུ་ཕུལ། ལོ་དེའི་ཟླ་12པར་ཁོང་གིས་འཚོ་བའི་མཁོ་ཆས་བྱུར་བུར་བླུགས་པའི་ལྟོ་ཕད་རྒལ་པར་ཁུར་ནས་སྨར་ཁམས་རྫོང་སྤྱི་བདེ་ཅུས་གཙང་ཤོད་ཤང་མངགས་གཏོང་ཁང་དུ་བསྐྱོད།

དུས་མཚུངས་ཀྲོའུ་ཧྲི་ཅུན་གྱིས་བཅར་འདྲི་ཆེན་པོ་བྱེད་པའི་ལས་ཀའི་བསམ་ཕྱོགས་བཏོན་ནས་རྟག་ཏུ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་བསམ་བློའི་ལས་དོན་སྤེལ་བ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། སེམས་ཁྲལ་བྱ་ཡུལ་བཅས་ཁོང་དུ་གང་ལེགས་ཆུད་པར་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་ཐོག་མང་ཚོགས་ཀྱི་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱས། ཁོང་གིས་ཉེན་བརྡ་འབྱོར་ཚེ་དང་ལེན་དང་། དཀའ་ངལ་ཡོད་ཚེ་རོགས་རམ། ཉེན་ཁ་འཕྲད་ཚེ་སྐྱོབ་རོགས། རེ་འདུན་ཞུས་ཚེ་བསྒྲུབ་པ་བཅས“ཡོད་པ་བཞི་དང་བྱ་ངེས་བཞི”ཁས་ལེན་བྱས་སྟབས་མང་ཚོགས་ཀྱིས་ཁོང་ལ་ཡིད་ཆེས་དང་མངགས་གཏོང་ཁང་ལ་ཡིད་ཆེས་བྱས།

2014ལོའི་ཟླ་5པར་མངགས་གཏོང་ཁང་ལ་ལས་གནས་ལེགས་སྒྲིག་གི་ཡིག་ཆ་ཞིག་འབྱོར་བ་དེའི་ཐོག་ཀྲོའུ་ཧྲི་ཅུན་སྨར་ཁམས་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་ལས་སྒྱུར་བྱ་རྒྱུ་ཡིན་ཞེས་བྲིས་པ་མཐོང་སྐབས་སུའོ་ཀྲང་པ་སངས་ཚེ་རིང་གིས་བྲལ་མི་ཕོད་བཞིན་དུ་ཀྲོའུ་ཧྲི་ཅུན་ལ་སྐྱེལ་མ་བྱས།

2017ལོར་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་སུ་ལས་ཀ་བྱེད་པའི་ཀྲོའུ་ཧྲི་ཅུན་ནི་ལས་སྒོའི་རྐང་འཛིན་པ་ཞིག་ཏུ་གྱུར་པ་དང་བཀོད་འདོམས་ལྟེ་གནས་སུ་ལས་ཀ་བྱེད་པའི་ལོ་འགའི་རིང་རིམ་རྩིས་བརྒྱབ་ན་ཁོང་གིས་ཉེན་བརྡའི་གནས་ཚུལ་ཁག་ཁྲི་10ལྷག་ཙམ་དང་ལེན་བྱས་པ་དང་། ཁག་ཐེངས་ཁྲི་3ལྷག་ཙམ་ལ་བཅར་ལན་སློག་པ། བརྙན་ལམ་བཀོད་གཏོང་སྐོར་ཞིབ་ཐེངས་ཁྲི་2ལྷག་ཙམ་བྱས་པ་རེད། དེས་ན་ལོ་38ལས་ཟིན་མེད་པའི་ཀྲོའུ་ཧྲི་ཅུན་གྱི་མགོ་བོའི་སྟེང་སྐྲ་དཀར་ཕྲན་བུ་སྐྱེས།

2022ལོའི་ཟླ་8པར་ཀྲོའུ་ཧྲི་ཅུན་གྱིས་ཏོག་གསར་གློ་ཚད་རིམས་འགོག་དམག་འཐབ་ཁྲོད་ཉིན་མཚན་དབྱེར་མེད་ངང་ལས་གནས་བརྟན་སྲུང་བྱས་པ་དང་ཟླ་9ཚེས་16ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་30ཡི་ཐོག་ཉིན་40ལྷག་ཙམ་བསྟུད་མར་ལས་ཀ་བྱས་པའི་ཁོང་གི་བྲང་ཁོག་ལ་ཟུག་གཟེར་བརྒྱབ་པ་དང་འབྲེལ་ན་ཟུག་ཚབས་ཆེར་སོང་ནས་སྨན་ཁང་དུ་བསྐྱལ། ཆུ་ཚོད་གཉིས་ལྷག་ཙམ་མྱུར་སྐྱོབ་བྱས་ཀྱང་ཕན་ནུས་མ་ཐོན་པར་ཁོང་ཚེ་ལས་འདས་པའི་གཏམ་ངན་འབྱོར། ཁོང་གིས་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་བ་དང་ལས་གཅེས་ལས་བཀུར་ལ་ཚེ་སྲོག་སྐྱེས་སུ་ཕུལ་ཡོད།