国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月31日

བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་སྲོལ་ཡིག

(2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

[2023]ཡིག་ཨང་2པ།

《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དོ་དམ་སྲོལ་ཡིག》འདི་2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། 2023ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2023ལོའི་ཟླ་1ཚེས་1ཉིན།

དོན་ཚན་དང་པོ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད། དྲ་རྒྱའི་ཆ་འཕྲིན་བདེ་འཇཌ་འགན་ལེན་བཅས་བྱས་ནས་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གཞིར་བཟུང་ཐོག རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་རྩིས་འཁོར་དྲ་རྒྱ་སྤྱད་དེ་ཆ་འཕྲིན་སྒྲིག་བཟོ་དང་། འདྲ་བཤུ། ཁྱབ་བསྒྲགས། བརྒྱུད་སྤེལ་སོགས་བྱེད་པའི་བྱེད་སྒོ་དང་། དེ་བཞིན་དེའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ལ་སྲོལ་ཡིག་འདི་སྤྱད་ན་འཐུས།

དོན་ཚན་གསུམ་པ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལས་དོན་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཐའ་འཁྱོངས་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་པ། དེ་བཞིན་བེད་སྤྱོད་ཧུར་ཐག་དང་། ཚན་རིག་དང་མཐུན་པའི་གོང་འཕེལ། ཁྲིམས་ལྟར་དོ་དམ། བདེ་འཇགས་འགན་ལེན་བཅས་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

དོན་ཚན་བཞི་པ། རང་སྐྱོང་ལྗོངས་ཀྱིས་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ། ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་དོ་དམ་བྱེད་པ། སྡེ་ཚན་གྱིས་འགན་འཁུར་བ། ཁེ་ལས་ཀྱིས་འགན་འཁྲི་སྒྲུབ་པ། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱེད་པ། དྲ་དམངས་ཀྱིས་རང་གཅུན་བྱེད་པ་སོགས་བྱེད་པོ་མང་པོ་ཞུགས་པའི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་དགོས།

དོན་ཚན་ལྔ་པ། རང་སྐྱོང་ལྗོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་གལ་ཆེའི་སྲིད་ཇུས་དང་བྱ་ཐབས་ཐད་ཞིབ་འཇུག་བཟོ་འབེབས་དང་མཛུབ་ཁྲིད་ལག་བསྟར་བྱེད་འགན་ཁུར་ནས་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་དོན་གནད་འགངས་ཆེན་དང་ལས་དོན་གལ་ཆེན་མཐུན་སྦྱོར་ངང་དོན་འཁྱོལ་བྱེད་དགོས།

དོན་ཚན་དྲུག་པ། རང་སྐྱོང་ལྗོངས་དྲ་འཕྲིན་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དང་ལྟ་སྐུལ་དོ་དམ་ལས་དོན་ལ་གཅིག་གྱུར་མཐུན་སྦྱོར་བྱེད་འགན་ཁུར་ཏེ། མཐུན་སྦྱོར་མཉམ་འགུལ་དང་། ཐོན་ཁུངས་མཉམ་སྤྱོད། ཐག་གཅོད་ཕྱོད་ཆེ་བཅས་བྱེད་པའི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གྱི་ནང་དོན་ལ་དོ་དམ་དང་། དྲ་རྒྱའི་བདེ་འཇགས་ཐད་འགོག་སྲུང་། དྲ་རྒྱའི་ཁྲིམས་སྒྱུར་ལ་ལྟ་སྐུལ་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས།

ས་གནས(གྲོང་ཁྱེར)དང་རྫོང(ཆུད)གི་དྲ་འཕྲིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་དང་ལྟ་སྐུལ་དོ་དམ་ལས་དོན་ལ་གཅིག་གྱུར་མཐུན་སྦྱོར་བྱེད་འགན་འཁུར་དགོས།

རང་སྐྱོང་ལྗོངས་འཕྲིན་གཏོང་སྡེ་ཚན་གྱིས་འཕྲིན་གཏོང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་འཕྲིན་གཏོང་བདེ་འཇགས་ཀྱི་འགོག་སྲུང་ལས་དོན་ལ་འགན་ཁུར་ནས་འཕྲིན་གཏོང་ལྟ་སྡོམ་བྱ་ཐབས་བཟོ་དགོས།

རྫོང་རིམ་ཡན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་འགན་ཁུར་ནས་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས།

རྫོང་རིམ་ཡན་གྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དྲ་རྒྱའི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ཁྲིམས་ལྟར་སྒྲུབ་དགོས།

རྫོང་རིམ་ཡན་གྱི་དཔལ་འབྱོར་ཆ་འཕྲིན་སྡེ་ཚན་གྱིས་འགན་འཁྲི་གཞིར་བཟུང་འབྲེལ་ཡོད་དྲ་རྒྱའི་བདེ་འཇགས་ཀྱི་འགོག་སྲུང་ལས་དོན་སྒྲུབ་འགན་འཁུར་དགོས།

དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཐད་གཏོང་ཤུགས་ཆེ་རུ་བཏང་སྟེ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་འགན་སྲུང་གི་རྩལ་བརྟེན་འགོག་སྲུང་དང་། ལྟ་ཞིབ་ཚད་ལེན་གྱིས་སྔོན་བརྡ་གཏོང་བ། ཉེན་ཁ་ཇི་ཡོང་ཚོད་སྐོར། འཕྲལ་སྡོམ་དང་ལེན། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས།

དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་ཁྲིམས་ལྟར་སྒྲིག་འཛུགས་བྱས་ཏེ་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དྲ་མཐོངས་གཙང་བཅོས་བྱེད་དགོས་ལ། དྲ་རྒྱའི་ཁྲིམས་འགལ་དང་ཆ་འཕྲིན་ངན་པ་བཅོས་སྐྱོང་བྱ་རྒྱུ་དེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུའི་ནང་དོན་གྱི་ཁོངས་སུ་འཇུག་དགོས།

བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། སྤྱི་ཚོཌ་ཚན་རིག་མཉམ་འབྲེལ་ལྷན་ཚོགས། ཚན་རྩལ་མཐུན་ཚོགས། ནང་བསྟན་མཐུན་ཚོགས་སོགས་སྤྱི་ཚོགས་ཚོགས་པས་ངེས་པར་དུ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་དམིགས་བཀར་རང་བཞིན་གྱིས་ཁྲིམས་ལྟར་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས།

རླུང་འཕྲིན་བརྙན་འཕྲིན་སོགས་སྨྱན་སྦྱོར་གྱིས་ངེས་པར་དུ་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་བདེ་འཇགས་དང་། སྐྱོན་བྲལ། ཤེས་དཔལ་བཅས་ཀྱི་ཐོག་ནས་དྲ་བར་ཞུགས་པའི་རྣམ་པ་ཞིག་གཏོད་དགོས།

སློབ་གྲྭས་ངེས་པར་དུ་ཚན་རིག་དང་། ཤེས་དཔལ། བདེ་འཇགས། ཁྲིམས་ལྟར་བཅས་ཀྱི་ཐོག་ནས་དྲ་རྒྱ་བེད་སྤྱོད་ལུགས་མཐུན་བྱ་རྒྱུ་དེ་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་ཁོངས་སུ་བཅུག་ནས་སློབ་མར་དམིགས་བཀར་རང་བཞིན་གྱིས་དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། དྲ་རྒྱའི་ཤེས་དཔལ་བཅས་ཀྱི་སློབ་གསོ་སྤེལ་རྒྱུ་མ་ཟད། ཁྲིམས་ལྟར་དྲ་བ་སྤྱོད་པ་དང་ཡ་རབས་ངང་དྲ་བར་ཞུགས་རྒྱུ་དེ་སློབ་གྲྭའི་སྒྲིག་ཁྲིམས་དང་སྒྲིག་ལམ་དུ་འཇུག་དགོས།

ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ངེས་པར་དུ་ཆོས་ལུགས་ལས་རིགས་མི་སྣར་རང་རྟོགས་ངང་རྒྱལ་ཁབ་ཀྱི་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུའི་ཁྲིད་སྟོན་བྱས་ཏེ་ཡ་རབས་ངང་དྲ་བར་ཞུགས་པ་དང་ཡ་རབས་ངང་དྲ་བ་སྤྱོད་དགོས།

ཡུལ་མི(གྲོང་ཚོ)ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཡུལ(གྲོང་)མིར་དྲ་རྒྱའི་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ཀྱི་འབྲེལ་ཡོད་ནང་དོན་ཡུལ་སྲོལ་དམངས་ཆིངས་དང་ཡུལ་མིའི་སྤྱི་ཆིངས་ནང་འཇུག་རྒྱུ་དར་སྤེལ་གཏོང་དགོས།

དོན་ཚན་དགུ་པ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་གང་ཞིག་ཡིན་རུང་། ཚང་མར་དྲ་རྒྱའི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད་ལ། དྲ་རྒྱའི་ཆ་འཕྲིན་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཐེར་འདོན་བྱེད་དབང་ཡང་ཡོད།

དྲ་འཕྲིན་དང་། འཕྲིན་གཏོང་། སྤྱི་བདེ། རྒྱལ་ཁབ་བདེ་འཇགས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་ལས་སྟེགས་བཙུགས་ནས་ཐེར་འདོན་བྱེད་སྟངས་ཡོངས་བསྒྲགས་བྱེད་དགོས། ཐེར་འདོན་འབྱོར་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་དང་། སྡེ་ཚན་དེ་གའི་འགན་འཁྲིའི་ཁོངས་སུ་གཏོགས་མེད་ན། ངེས་པར་དུ་བདག་ཁོངས་དབང་ཆ་ཡོད་པའི་སྡེ་ཚན་ལ་འཕྲལ་མར་བརྒྱུད་སྤྲོད་བྱེད་དགོས།

འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་ཐེར་འདོན་བྱེད་མཁན་གྱི་འབྲེལ་ཡོད་ཆ་འཕྲིན་གསང་བ་བྱེད་དགོས་པ་མ་ཟད། ཐེར་འདོན་བྱས་དོན་བདེན་པ་ཡིན་ཁར་ཕན་ནུས་ཐོན་པའི་མི་སྣར་བྱ་དགའ་སྤྲོད་དགོས།

དོན་ཚན་བཅུ་པ། རང་སྐྱོང་ལྗོངས་ནས་སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་ཀྱིས་གཤམ་གསལ་ཆ་འཕྲིན་སྒྲིག་བཟོ་དང་བརྒྱུད་སྤེལ་བྱེད་པར་སྐུལ་མ་གཏོང་རྒྱུ་སྟེ།

(གཅིག)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་རིགས་དང་། ཏང་གི་རིགས་གཞུང་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དང་། དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དྲིལ་བསྒྲགས་བྱེད་རིགས།

(གཉིས)ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་གོང་འཕེལ་གྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་དྲིལ་བསྒྲགས་བྱེད་རིགས།

(གསུམ)སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དྲིལ་བསྒྲགས་བྱེད་རིགས།

(བཞི)ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་རིགས།

(ལྔ)བདེན་པ་དང་། གཞི་གཅིག ཕྱོགས་ཡོངས་བཅས་ཀྱི་བོད་ལྗོངས་མངོན་པར་བྱེད་པ་དང་། བོད་ཀྱི་གོང་འཕེལ་གསར་པ་དང་། འཚོ་བ་གསར་པ། རྣམ་པ་གསར་པ་བཅས་མཚོན་པར་བྱེད་རིགས།

(དྲུག)མི་རིགས་ཁག་གི་མི་དམངས་ཀྱི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་གསལ་པོར་མཚོན་པ་དང་། དཔེ་བཟང་དཔེ་མཚོན་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱེད་རིགས།

(བདུན)སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་སྤྲོད་ནུས་ལྡན་བྱས་ཏེ་དོགས་གནད་གསེད་དཀྲོལ་དང་དབྱེ་ཞིབ་ཀྱིས་གནས་ལུགས་གསལ་རྟོགས་ཐུབ་པ་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་ངོས་འཛིན་གཅིག་མཐུན་ཡོང་བའི་ཁྲིད་སྟོན་བྱེད་པར་ཕན་ཐོགས་ཡོད་རིགས།

(བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་རིགས་དང་། ཚན་རིག་རིག་གནས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་རིགས། ཚན་རིག་དང་མཐུན་ཞིང་ཡ་རབས་ཚུལ་ལྡན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་རིགས།

(དགུ)དེ་མིན་བདེན་ལེགས་མཛེས་གསུམ་ལ་བསྟོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲོལ་བཟང་དར་སྤེལ་དང་དྲང་ནུས་བརྒྱུད་སྤེལ་གཏོང་རིགས་བཅས་སོ།

དོན་ཚན་བཅུ་གཅིག་པ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་གང་ཞིག་ཡིན་རུང་། དྲ་རྒྱར་བརྟེན་ནས་གཤམ་གསལ་གྱི་ཆ་འཕྲིན་སྒྲིག་བཟོ་དང་། འདྲ་བཤུ། ཁྱབ་བསྒྲགས། ཕབ་ལེན། བརྒྱུད་སྤེལ། བརྒྱུད་བསྐུར་བཅས་བྱེད་མི་ཆོག་པ་སྟེ།

(གཅིག)རྩ་ཁྲིམས་ནང་གཏན་ལ་ཕབ་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་རིགས།

(གཉིས)རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་བ། རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པ། རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་རིགས།

(གསུམ)རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་འཚེ་གཏོང་རིགས།

(བཞི)“བོད་རང་བཙན”རྩ་འཛུགས་ཀྱི་མཚོན་རྟགས་དང་། ཁོངས་མིའི་པར་རིས། གཏམ་བརྗོད། བྱེད་སྒོ་བཅས་འུད་སྒྲོག་བྱེད་པ་དང་། དེ་བཞིན་དཔེ་དེབ་དང་། ཟུར་ཟའི་རི་མོ། རོལ་དབྱངས། གཟུགས་བརྙན། རོལ་རྩེད། ས་བཀྲ་སོགས་ཀྱི་རྣམ་པ་གཞན་དག་ལ་བརྟེན་ནས་ཁ་ཕྲལ་རིང་ལུགས་འུད་སྒྲོག་དང་ཁ་ཕྲལ་ཕྱོགས་གཏོགས་ལ་རྒྱབ་སྐྱོར་བྱེད་རིགས་དང་། འཇིགས་གཏུམ་རིང་ལུགས་དང་མཐར་འཛིན་རིང་ལུགས་འུད་སྒྲོག་བྱེད་པའམ་ཡང་ན་ཁ་ཕྲལ་གྱི་བྱ་སྤྱོད་དང་། འཇིགས་གཏུམ་གྱི་བྱ་སྤྱོད། མཐར་འཛིན་གྱི་བྱ་སྤྱོད་བཅས་སྤེལ་རྒྱུར་ངན་སྐུལ་བྱེད་རིགས།

(ལྔ)ཁྲིམས་འགལ་གྱིས་ཚོགས་འཛུགས་དང་། འདུ་ཚོགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་བྱེད་སྒོ་གཞན་དག་སྤེལ་རྒྱུར་ངན་སྐུལ་བྱེད་རིགས།

(དྲུག)བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རིག་གནས། ལོ་རྒྱུས། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་གནས་ཚུལ་འཁྱོག་བཤད་དང་དེར་ངན་སྨྲས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པར་ངན་སྨྲས་དང་བཀག་འགོག་བྱེད་རིགས།

(བདུན)རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་ཀྱི་གནས་ཚུལ་འཁྱོག་བཤད་དང་དེར་ངན་སྨྲས་བྱེད་པ་དང་། མི་རིགས་དབར་འཁོན་འགྲས་དང་མི་རིགས་གཞན་ལ་མཐོང་ཆུང་བྱ་རྒྱུར་ངན་སྐུལ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་རིགས།

(བརྒྱད)ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས། ཆོས་ཕྱོགས་ཀྱི་གནས་ཚུལ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་བཅས་ལ་འཁྱོག་བཤད་དང་དེར་ངན་སྨྲས་བྱེད་པ། ཡང་ན་ལོག་ཆོས་དང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བཅས་འུད་སྒྲོག་བྱེད་རིགས།

(དགུ)སྔོན་གཤེགས་དཔའ་བོའི་མཚན་དང་། སྐུ་པར། མཚན་སྙན། གཟི་བརྗིད་བཅས་ལ་གནོད་འཚེ་གཏོང་རིགས།

(བཅུ)ཉེན་ཆེའི་གནས་ཚུལ་དང་། ནད་ཡམས་ཁྱབ་ཚུལ། གནོད་སྐྱོན་བྱུང་ཚུལ། ཉེན་ཟོན་གནས་ཚུལ་སོགས་ཀྱི་ཆ་འཕྲིན་རྫུན་མ་བཟོ་བ་དང་འགྲེམ་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་དཔལ་འབྱོར་གྱི་སྒྲིག་ལམ་དཀྲུག་རིགས།

(བཅུ་གཅིག)འདོད་གཡེམ་དང་། ཆགས་སྲེད། རྒྱན་འཛུགས། དྲག་ཤུགས། དམར་གསོད། འཇིགས་གཏུམ་བཅས་ཁྱབ་སྤེལ་གཏོང་བའམ་ཡང་ན་བྱས་ཉེས་གསོག་པར་ངན་སྐུལ་བྱེད་རིགས།

(བཅུ་གཉིས)མི་གཞན་ལ་བརྙས་བཅོས་བྱེད་པའམ་དམའ་འབེབས་བཏང་ནས་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་རིགས།

(བཅུ་གསུམ)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་ནང་དོན་གཞན་དག་བཅས་སོ།

དོན་ཚན་བཅུ་གཉིས་པ། མཉམ་སྦྲེལ་དྲ་རྒྱའི་ཐོག་ནས་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་སྒྲུབ་སྐབས། ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཚན་གྱི་ཞིབ་དཔྱད་མོས་མཐུན་ཐོབ་རྗེས་རྒྱལ་ཁབ་ཀྱི་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཉེར་སྒྲུབ་བྱེད་དགོས།

མཉམ་སྦྲེལ་དྲ་རྒྱའི་ཐོག་ནས་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་བསྒྲུབ་རྒྱུའི་ནང་དོན་དེ་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་འབྲེལ་ཡོད་གཏན་འབེབས་བཅས་དང་མཐུན་དགོས།

དོན་ཚན་བཅུ་གསུམ་པ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་གང་ཞིག་ཡིན་རུང་། ཁྲིམས་བཀོད་མིན་པའི་འཕྲིན་ལམ་རང་དགར་བཙུགས་པའམ་ཡང་ན་བེད་སྤྱད་དེ་རྒྱལ་སྤྱིར་དྲ་སྦྲེལ་བྱེད་མི་ཆོག

དོན་ཚན་བཅུ་བཞི་པ། སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་གང་ཞིག་ཡིན་རུང་། རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་ནང་དོན་ཡོད་པའི་དྲ་ཚིགས་ལས་སྟེགས་ཡིན་པ་ཤེས་བཞིན་དུ་དེར་ལྟ་བའི་རིགས་བྱེད་མི་ཆོག་པ་དང་། རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཐད་སྤྱོད་པའི་ཉེར་སྤྱོད་བྱ་རིམ་ཡིན་པ་ཤེས་བཞིན་དུ་དེ་ཕབ་ལེན་དང་སྤྱོད་རིགས་བྱེད་མི་ཆོག

སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུཌ་གཞན་དག་བཅས་གང་ཞིག་ཡིན་རུང་། ཁ་ཕྲལ་དང་། འཇིགས་གཏུམ། མཐར་འཛིན་བཅས་ཀྱི་བྱ་སྤྱོད་དང་། ཁྲིམས་འགལ་གྱིས་ཚོགས་པ་འཛུགས་པ་དང་། འདུ་ཚོགས་བྱེད་པ། ཁྲོམ་སྐོར་བྱེད་པ། རྔམ་སྟོན་བྱེད་པ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད། དེ་བཞིན་ཁྲིམས་འགལ་གྱི་ཉེས་གསོག་བྱ་སྤྱོད་གཞན་དག་བཅས་སྤེལ་རྒྱུར་ཇུས་འགོད་བྱེད་མཁན་གྱི་དྲ་ཚིགས་དང་འཕྲིན་གཏོང་ཚོགས་ཚོ་འཛུགས་མི་ཆོག

སྤྱི་དམངས་དང་། ཁྲིམས་ཚན། རྩ་འཛུགས་གཞན་དག་བཅས་གང་ཞིག་ཡིན་རུང་། ཁ་ཕྲལ་དང་། འཇིགས་གཏུམ། མཐར་འཛིན་བཅས་ཀྱི་བྱ་སྤྱོད་དང་། ཁྲིམས་འགལ་གྱིས་ཚོགས་པ་འཛུགས་པ་དང་། འདུ་ཚོགས་བྱེད་པ། ཁྲོམ་སྐོར་བྱེད་པ། རྔམ་སྟོན་བྱེད་པ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པའི་བྱ་སྤྱོད། དེ་བཞིན་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་གཞན་དག་བཅས་སྤེལ་རྒྱུར་ཇུས་འགོད་བྱེད་མཁན་འཕྲིན་གཏོང་ཚོགས་ཚོའི་ནང་ཞུགས་མི་ཆོག་ལ། ཁ་ཕྲལ་ཕྱོགས་གཏོགས་ཀྱི་ཁོངས་མི་ཡོད་པ་ཤེས་བཞིན་དུ་འཕྲིན་གཏོང་ཚོགས་ཚོ་འཛུགས་པ་དང་དེར་ཞུགས་པའི་རིགས་བྱེད་མི་ཆོག

དོན་ཚན་བཅོ་ལྔ་པ། དྲ་རྒྱ་གཉེར་མཁན་གྱིས་ངེས་པར་དུ་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཟོན་བྱ་ཐབས་དོན་འཁྱོལ་བྱས་ཏེ། དྲ་འཕྲིན་ཁྱབ་བསྒྲགས་ཀྱི་ནང་དོན་ལ་ཞིབ་དཔྱད་ཀྱིས་ལྟ་སྐུལ་བྱེད་པའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་དེ་སྤྱོད་མཁན་གྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲོལ་ཡིག་འདི་བཅས་ཀྱི་ནང་བཀག་སྡོམ་བྱས་པའི་ཆ་འཕྲིན་དང་བྱེད་སྒོ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་ཁྲིམས་ལྟར་ཆ་འཕྲིན་དེ་བརྒྱུད་གཏོང་བྱེད་མཚམས་འཕྲལ་མར་འཇོག་དགོས་ལ། ཉེན་བརྡའི་དྲན་སྐུལ་བྱེད་པ་དང་། རྩིས་ཨང་གི་བྱེད་ནུས་ཚོད་འཛིན་བྱེད་པ། ཆ་འཕྲིན་བརྗེ་བསྒྱུར་གནས་སྐབས་མཚམས་འཇོག་བྱེད་པ། རྩིས་ཨང་ཐོ་སུབ་སྒོ་རྒྱག་པ། བཀག་རྒྱའི་གསལ་ཐོར་འཇུག་པ། བསྐྱར་དུ་ཐོ་འགོད་བྱེད་མི་ཆོག་པ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་དེ་ཆ་འཕྲིན་གང་སར་མི་ཁྱབ་པ་བྱེད་དགོས་ཤིང་། འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་མ་ཟད། འབྲེལ་ཡོད་གཙོ་འགན་སྡེ་ཚན་ལ་འཕྲལ་མར་སྙན་སེང་ཞུ་དགོས།

དོན་ཚན་བཅུ་དྲུག་པ། དྲ་འཕྲིན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲོལ་ཡིག་འདི་བཅས་ཀྱི་ནང་བཀག་སྡོམ་བྱས་པའི་ཆ་འཕྲིན་དང་བྱེད་སྒོ་ཤེས་རྟོགས་བྱུང་ཚེ། ངེས་པར་དུ་དྲ་རྒྱ་གཉེར་མཁན་ལ་བརྒྱུད་གཏོང་བྱེད་མཚམས་འཇོག་དགོས་པའི་རེ་བ་འདོན་དགོས་ལ། མེད་པ་བཟོ་བ་སོགས་ཀྱི་ཐག་གཅོད་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ཟིན་ཐོ་ཉར་ཚགས་བྱེད་དགོས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་མིན་པ་ནས་བྱུང་བའི་གོང་གསལ་ཆ་འཕྲིན་རིགས་ཡིན་ཚེ། ངེས་པར་དུ་འབྲེལ་ཡོད་ལས་ཁུངས་ལ་ལག་རྩལ་གྱི་བྱ་ཐབས་དང་དགོས་ངེས་ཀྱི་བྱ་ཐབས་གཞན་དག་སྤྱད་དེ་གང་སར་མི་ཁྱབ་པ་བྱེད་དགོས་པའི་བརྡ་ཐོ་གཏོང་དགོས།

སྤྱི་དམངས་དང་། ཁྲིམས་ཚན། དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱིས་འཛིན་ཉར་བྱས་པའི་སྒུལ་འཕྲིན་མཐའ་སྣེ་དང་། རྩིས་འཁོར། གསོག་འཇོག་སྨྱན་རྫས་སོགས་སྒྲིག་ཆས་ནང་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲོལ་ཡིག་འདི་བཅས་ཀྱིས་བཀག་སྡོམ་བྱས་པའི་ཆ་འཕྲིན་ཡོད་ཚེ་ངེས་པར་དུ་འཕྲལ་མར་སུབ་དགོས།

དོན་ཚན་བཅུ་བདུན་པ། དྲ་རྒྱ་གཉེར་མཁན་གྱིས་སྤྱོད་མཁན་ལ་དྲ་རྒྱ་སྦྲེལ་མཐུད་དང་ཁོངས་མིང་ཐོ་འགོད་ཀྱི་ཞབས་ཞུ་སྒྲུབ་པ་དང་། གཏན་འཇགས་ཁ་པར་དང་སྒུལ་འཁྱེར་འཕྲིན་གཏོང་མཐའ་སྣེ་སོགས་དྲ་ཞུགས་འགྲོ་ལུགས་གཉེར་བའམ་ཡང་ན་སྤྱོད་མཁན་ལ་ཆ་འཕྲིན་ཁྱབ་བསྒྲགས་དང་སྐབས་ཐོག་འཕྲིན་གཏོང་སོགས་ཀྱི་ཞབས་ཞུ་བསྒྲུབས་ཏེ། སྤྱོད་མཁན་དང་གྲོས་མཐུན་འཇོག་པའམ་ཡང་ན་ཞབས་ཞུ་བསྒྲུབ་རྒྱུ་གཏན་འཁེལ་བྱེད་སྐབས། ངེས་པར་དུ་སྤྱོད་མཁན་ལ་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ངོ་མ་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་ནས་མི་དང་ལག་ཁྱེར་གྱི་ཆ་འཕྲིན་གཅིག་མཐུན་ཡིན་པའི་འགན་ལེན་བྱེད་དགོས། སྤྱོད་མཁན་གྱིས་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་ངོ་མ་མཁོ་འདོན་མ་བྱས་ཚེ། དྲ་རྒྱ་གཉེར་མཁན་གྱིས་དེ་དང་གྲོས་མཐུན་འཇོག་མི་ཆོག་པའམ་ཡང་ན་དེར་འབྲེལ་ཡོད་ཞབས་ཞུ་སྒྲུབ་མི་ཆོག

དོན་ཚན་བཅོ་བརྒྱད་པ། དྲ་རྒྱ་གཉེར་མཁན་གྱིས་ཁྲིམས་བཞིན་སྤྱོད་མཁན་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། མི་སྒེར་གྱི་ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་སྐབས། ངེས་པར་དུ་ཁྲིམས་མཐུན་དང་། ལུགས་མཐུན། དགོས་ངེས་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། བསྡུ་རུབ་དང་བེད་སྤྱོད་བྱེད་པའི་སྒྲིག་སྲོལ་ཡོངས་བསྒྲགས་བྱེད་དགོས་ལ། ཆ་འཕྲིན་བསྡུ་རུབ་དང་བེད་སྤྱོད་བྱེད་པའི་དམིགས་ཡུལ་དང་། ཐབས་ཤེས། ཁྱབ་ཁོངས་བཅས་ཁ་གསལ་བཟོ་དགོས་པ་མ་ཟད། བསྡུ་རུབ་བྱ་ཡུལ་གྱི་མོས་མཐུན་ཡང་ཐོབ་པ་བྱེད་དགོས།

(མུ་འགོད)