国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月31日

ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་ཤུལ་ཁུལ་དང་ཞི་མཐུན་མཐའ་མཚམས་ འཛུགས་སྐྱོང་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་དང་ཡུལ་ཤུལ་ཁུལ་གཉིས་ཀྱི་ཞི་མཐུན་མཐའ་མཚམས་འཛུགས་སྐྱོང་གི་བཞུགས་མོལ་ཚོགས་འདུ་ཆབ་མདོར་འཚོགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་ཚའེ་ཁྲུན་ཡུང་གིས་སྣེ་ཁྲིད་པའི་ཡུལ་ཤུལ་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་ནས་ཐུན་མོང་ཐོག་ཞི་མཐུན་དང་འཕེལ་རྒྱས་ལ་གྲོས་མོལ་བྱས་ཡོད།

ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཚོགས་འདུར་གཙོ་སྐྱོང་ཞུས་ཡོད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཡ་ཏུང་དང་ཡུལ་ཤུལ་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དྲིལ་བསྒྲགས་པུའུ་ཀྲང་ཚེ་བརྟན་འབྲུག་རྣམ་གཉིས་ཀྱིས་ཞི་མཐུན་མཐའ་མཚམས་འཛུགས་སྐྱོང་བྱ་ཚུལ་ངོ་སྤྲོད་བྱས་ཡོད།

ཀུང་ཧུའེ་ཚའེ་ཡིས་ཆབ་མདོའི་ཚན་ཁག་ཆེན་པོ་བཞིའི་ཚབ་ཞུས་ནས་ཡུལ་ཤུལ་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཆབ་མདོར་ཕེབས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་ཡུལ་ཤུལ་ཁུལ་དང་ཆབ་མདོ་གྲོང་ཁྱེར་གྱི་ས་བབ་འབྲེལ་ཞིང་རི་ཆུ་འདྲེས་པ་དང་། རིག་གནས་མཐུན་པ། གོམས་གཤིས་འདྲ་བ་བཅས་ཡོད་པས་གནས་སྤོ་མི་ཐུབ་པའི་ཁྱིམ་མཚེས་བཟང་པོ་དང་སེམས་པ་གཅིག་ཏུ་སྦྲེལ་བའི་རོགས་ཟླ་བཟང་པོ་ཞིག་རེད།

ས་གནས་གཉིས་པོའི་མང་ཚོགས་ཚོ་མི་རབས་ནས་མི་རབས་བར་ཕན་ཚུན་འགྲོ་འོང་དང་མཛའ་གྲོགས་མཉམ་གནས་ཀྱིས་ཐུན་མོང་ཐོག་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་མཚོ་བོད་ས་མཐོའི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཞེས་གསུངས།

ཀུང་ཧུའེ་ཚའེ་ཡིས་ས་ཁུལ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་ས་ཁུལ་གྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་འགན་སྲུང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཁུལ་(གྲོང་ཁྱེར)གཉིས་ཀྱི་འབྲེལ་མཐུད་མཐུན་སྦྱོར་དང་སྤེལ་རེས་འགྲོ་འོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྒྱུན་རྣམ་ཅན་དུ་ཕན་ཚུན་འགྲོ་འོང་དང་། ཕན་ཚུན་འཚམས་འདྲིར་འགྲོ་བ། ཕན་ཚུན་ཉམས་མྱོང་དང་བྱེད་སྟངས་བཟང་པོ་སློབ་སྦྱོང་བྱེད་པ། ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་པ། མཐའ་འཁོར་རྫོང་དང་ཞང་གྲོང་གིས་གཞོགས་འདེགས་རྒྱབ་སྐྱོར་དང་། ཕྱོགས་བསྡུས་བཅོས་སྐྱོང་ལ་མཐུན་སྦྱོར། ཚན་པས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཉམ་རོགས། སྤྱི་དམངས་ཀྱིས་ཐེ་ཞུགས་བཅས་བྱེད་པའི་འགོ་ཁྲིད་ལས་ཀའི་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ། མཉམ་གྲོས་རོགས་ལས་དང་མཐའ་མཚམས་མཉམ་དུ་དོ་དམ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་དང་། ཞི་མཐུན་བརྟན་ལྷིང་བཅས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཐད་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་ནས་ས་ཁུལ་གཉིས་ཀྱིས་དྭངས་གཙང་ནུས་རྒྱུ་གསར་སྤེལ་དང་། ལྗང་མདོག་གཏེར་ལས་འཕེལ་རྒྱས། ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས། ཁྱད་ལྡན་ཞིང་འབྲོག་སྐྱེད་སྲིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མཉམ་སྐྲུན་མཐའ་འཁྱོངས་བྱས་ནས་གཉིས་ཁེ་གཉིས་ཕན་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་གསུངས།

ཚའེ་ཁྲེང་ཡུང་གིས་ཆབ་མདོ་དང་ཡུལ་ཤུལ་རི་ཆུ་འབྲེལ་ཡོད་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་བ་ཟབ་པ། དཔལ་འབྱོར་མཉམ་འདྲེས་ཐུབ་པ། དར་རྒྱས་མྱུར་པོ་བྱུང་བ་བཅས་ཀྱི་ཐོག་ནས་ས་ཁུལ་གཉིས་པོའི་མང་ཚོགས་དབར་ཕན་ཚུན་འགྲོ་འོང་དང་སྤེལ་རེས་བྱས་པ་དང་། དཔལ་འབྱོར་དང་། རིག་གནས། ཚོང་དོན། ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་ལེགས་ཆ་གསབ་རེས་དང་མཉམ་ལས་ཡག་པོ་བྱུང་ནས་མཛའ་གྲོགས་ཟབ་མོ་ཆགས་ཡོད། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་དང་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དམིགས་ཚད་དུ་བྱས་ནས་ཆ་འཕྲིན་མཉམ་འགུལ་དང་། བརྩེ་སེམས་མཉམ་འགུལ། ལས་དོན་མཉམ་འགུལ་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད། ས་མཐོའི་སྣོད་བཅུད་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ཁྱོན་ཡོངས་ཀྱི་མཉམ་ལས་བྱས་ནས་གཉིས་ཁེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ས་ཁུལ་གཉིས་ཀྱི་བྱ་གཞག་ཁག་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡུལ་ཤུལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐལ་བཟང་དང་། ཁུལ་ཨུད་ཀྱི་རྒྱུན་ཨུ་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་ཀྲའོ་པིན། ཁུལ་དཔོན་གཞོན་པ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་ཀྲེན་བཅས་ཚོགས་འདུར་ཞུགས་པ་རེད།

ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཝུན་ཧྲེང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་ཟླ་བ། གྲོང་ཨུད་ཀྱི་རྒྱུན་ཨུ་ཁ་རུབ་ཆུས་ཨུད་ཀྱི་ཧྲུའུ་ཅི་རེན་ཧོའུ་མིང་། གྲོང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཝུའུ་དབྱིང་ཧའེ་བཅས་ཚོགས་འདུར་ཞུགས་པ་རེད།