国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年03月31日

ཀུང་ཧུའེ་ཚའེ་ཡིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་སྤྱད་ནས་ཤེས་དཔལ་འཛུགས་གཏོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

དམངས་ཕན་ཁུལ་ཆུང་དུ་ཀུང་ཧུའེ་ཚའེ་ཡིས་གྲོང་མི་འཇམ་དབྱངས་ཚེ་རིང་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་སྤྱད་ནས་ཁུལ་ཆུང་དང་སྲང་ལམ་དུ་ཕེབས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཡོད།

གཡེར་སྟོད་གྲོང་ཚོའི་དམངས་ཕན་ཁུལ་ཆུང་དུ་ཀུང་ཧུའེ་ཚའེ་ཡིས་ཁུལ་ཆུང་གི་ཁོར་ཡུག་འཕྲོད་བསྟེན་དང་། རྨང་གཞིའི་སྒྲིག་བཀོད། ཞབས་ཞུའི་དོ་དམ་སོགས་ལ་ལྟ་ཞིབ་བྱས་པའི་ཁར། ཁུལ་ཆུང་གི་གྲོང་མི་དང་ཁ་བརྡ་བྱས་ཏེ་ཤེས་དཔལ་འཛུགས་གཏོད་ལས་དོན་ཤེས་རྟོགས་ཐུབ་ཚད་དང་། དེའི་ནང་ཞུགས་ཚད། རྒྱབ་སྐྱོར་ཐུབ་ཚད་དང་གྲོང་ཁྱེར་གྱི་ཁོར་ཡུག་ལ་བློ་ཡིད་ཚིམས་ཚད་སོགས་ལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཆབ་མདོའི་གྲོང་མི་ཚང་མར་དེ་བས་བདེ་སྐྱིད་ལྡན་པ་བྱ་ཆེད་རེད། ཤེས་དཔལ་འཛུགས་གཏོད་བྱེད་པར་ང་ཚོ་གྲོང་མི་ཚང་མ་རང་རྟོགས་ངང་ཞུགས་དགོས་ཀྱི་ཡོད། ཚང་མས་བདག་པོའི་རྣམ་པའི་ཐོག་ནས་ཤེས་དཔལ་འཛུགས་གཏོད་ཀྱི་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ཏེ་འཚོ་བ་ཡ་རབས་ལྡན་པ་དང་། ཁོར་ཡུག་ལ་གཅེས་སྐྱོང་ཡོད་མཁན་ཞིག་བྱས་ནས་ཐུན་མོང་ཐོག་ཤེས་དཔལ་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀུང་ཧུའེ་ཚའེ་ཡིས་སྟག་རྩ་ཐང་སྡེ་ཁུལ་གྱི་ཁྲོམ་གཞུང་ཆུང་གྲས་ཀྱི་ལམ་དུམ་དུ་བསྐྱོད་དེ་ཤེས་དཔལ་འཛུགས་གཏོད་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་ཀའི་དམིགས་ཚད་གཏན་འཁེལ་བྱེད་པ་དང་། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞི་དང་ལས་འགན་གསལ་ཐོ་དང་ཞིབ་བསྡུར་ནན་པོ་བྱེད་པ། ཧེ་བག་འཚོལ་བ་དང་། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་གཏོང་བཅས་བྱེད་པ། གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་ཆེད་དོན་བཅོས་སྒྲིག་ནན་ཏན་བྱེད་པ། འཛུགས་གཏོད་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་། རྒྱ་བསྐྱེད། མཐོར་གཏོང་བཅས་བྱེད་དགོས། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ཏེ་ཁུལ་ཆུང་རྙིང་པ་དང་། ཁྲོམ་གཞུང་དང་ཁྲོམ་ལམ་ཆུང་བ་བཅས་ཀྱི་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་ ཁོར་ཡུག་གི་བཙོག་ཟིང་ཞན་གསུམ་སོགས་ཀྱི་གནད་དོན་ཐག་གཅོད་མཐར་ཕྱིན་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་སྤུས་ཚད་དང་ཆུ་ཚད་ལེགས་སུ་ཏན་ཏིག་གཏོང་དགོས། དམངས་ཡོངས་ཐེ་ཞུགས་བྱ་རྒྱུའི་སྐུལ་སློང་རྒྱ་ཁྱབ་བྱས་ནས“མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་། མི་དམངས་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི”རྣམ་པ་ཟབ་མོ་ནུས་ཤུགས་ཡོད་རྒུས་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཛུགས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་གསར་གཏོད་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། དད་སེམས་བརྟན་པོ་དང་། དགེ་བར་ཕྱོགས་པ། རིག་གནས་ལ་སྣང་ཆེན་བྱེད་པ། སྡོད་མལ་འཚམ་པ། མི་དམངས་ཡིད་ཚིམ་པའི་ཤེས་དཔལ་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཝུའུ་དབྱིང་ཧའེ་ཞུགས་ཡོད།