国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2023年01月24日

ཀུང་ཧུའེ་ཚའེ་ཡིས་དུས་ཆེན་སྐབས་སུ་ཁྲོམ་རའི་མཁོ་སྤྲོད་ གནས་ཚུལ་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་དུས་ཆེན་རིང་ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་རའི་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

"འཚོ་བའི་ཉེར་མཁོའི་དངོས་རྫས་ཀྱི་རིན་གོང་ལུགས་མཐུན་ཡིན་ནམ" "ཚོང་ཟོག་འདྲེན་ལམ་བདེ་འཇགས་དང་སྤུས་དག་ཡིན་ནམ" གཉིས་ཁེ་གཉིས་ཕན་གྱི་སྒོ་རྩིས་ཚོང་ཁང་དུ་ཀུང་ཧུའེ་ཚའེ་ཡིས་འབྲས་ཐུག་འབྲུ་སྣུམ་དང་། ཤིང་འབྲས་སྔོ་ཚལ། ཤ་སྒོང་ཆུ་ཐོན། ཁ་ཟས་ཁྱིམ་ཆས་སྣ་ཚོགས་སོགས་ཚོང་རའི་མཁོ་སྤྲོད་དང་རིན་གོང་འཕར་ཆག་གི་གནས་ཚུལ་སྐོར་འདྲི་རྩེད་ཞིབ་ཕྲ་གནང་བ་དང་། ཚོང་ཟོག་ཐོན་ཡུལ་དང་ནད་ཡམས་བརྟག་ཞིབ་སོགས་ཟས་རིགས་བདེ་འཇགས་ཀྱི་གནས་ཚུལ་ཐད་ནས་ཤེས་རྟོགས་ཞིབ་ཕྲ་གནང་བར་མ་ཟད། འབྲེལ་ཡོད་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད། ཁོང་གིས་དུས་ཆེན་རིང་ཁྲོམ་རའི་ཐོག་ཚོང་མང་བའི་དུས་ཚིགས་ཤིག་ཡིན་པས་དངོས་ཟོག་མཁོ་སྤྲོད་དང་བཟའ་བཅའི་བདེ་འཇགས་ནི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཐབས་བརྒྱ་ཇུས་སྟོང་ངང་དངོས་ཟོག་གྲབས་གསོག་དང་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པ་དང་ཉོ་སྒྲུབ་དང་སྐྱེལ་འདྲེན་སྡེབ་སྐྱེལ་སོགས་ཀྱི་ལྷུ་ཚིགས་ཤར་གཏོང་ཐུབ་པར་བྱས་ཏེ། འཚོ་བའི་མཁོ་ཆས་རྣམས་ཁྲོམ་རའི་མཁོ་སྤྲོད་བརྟན་ལ་གོ་རིམ་ལྡན་པར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

རིན་གོང་བརྟན་པོར་ཡོང་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་ཚོང་ཟོག་ཕུན་སུམ་ཚོགས་པ་དང་། རིན་གོང་བརྟན་འཇགས། མཁོ་སྤྲོད་དུས་ཐོག་བཅས་འགན་ལེན་བྱེད་དགོས་ཤིང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཛད་སྤྱོད་གོ་སྐབས་དམ་འཛིན་བྱེད་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱེད་པ། འཛད་སྤྱོད་འཛིན་ཤོག་དྲིལ་བསྒྲགས་དང་སྤྲོད་པའི་ལས་དོན་ཡག་པོ་སྒྲུབ་པ། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་ཀྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛད་སྤྱོད་གང་མགྱོགས་དར་རྒྱས་དང་དཔལ་འབྱོར་འཁྲུག་ཏུ་གཏོང་དགོས། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ཁྱད་ལྡན་སྤུས་རྟགས་གཏོད་དེ་ལོ་ལྟར་བོད་ཤར་རྒྱུད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཁག་ཅིག་དཔྱད་འདེམས་བྱས་ནས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཤིང་། ས་གནས་དེ་གའི་ཐོན་རྫས་ཐོན་སྐྱེད་དང་། མཁོ་སྤྲོད། བྲིན་འཚོང་བཅས་གཞི་གཅིག་ཏུ་འགྱུར་བའི་མ་ལག་འཛུགས་པ་དང་། ཚོང་རའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། འབྲེལ་མཐུད་ལས་སྟེགས་འཛུགས་པ། ཐོན་རྫས་ས་གནས་དེ་གར་ཚོང་ཚད་ལས་བརྒལ་ཏེ་བྲིན་འཚོང་བྱེད་པའི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འགུལ་གྱིས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་ཡོད།

ཀུང་ཧུའེ་ཚའེ་ཡིས་བཟའ་བཅའི་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད། བཟའ་བཅའི་བདེ་འཇགས་ལ་དམ་འཛིན་ཞིབ་ཚགས་བྱས་ཏེ་ཟོག་ཁུངས་ཀྱི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཁེ་ལས། གཙོ་གནད་ལས་ཡུལ་བཅས་ལ་རྩེ་གཅིག་ཏུ་དམིགས་པ། རིགས་དབྱེ་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བཅས་བྱས་ཏེ། ཟས་རིགས་གནོད་མེད་སྐོར་གྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ནན་པོ་བྱེད་དགོས་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། དུས་ཆེན་གྱི་ཁྲོམ་རའི་མི་འབོར་མང་བ་དང་བྲིན་སྐུལ་བྱེད་སྒོ་མང་བའི་གནས་ཚུལ་ལ་དམིགས་པ། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ། ཁྲོམ་རའི་བདེ་འཇགས་འགན་ལེན་བཅས་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཚང་མ་བདེ་འཇགས་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་པར་བྱེད་དགོས་ཞེས་ནན་གསུང་གནང་ཡོད།

གྲོང་ཁྱེར་གྱི་འགོ་ཁྲིད་ཏེང་ཝུན་ཁྲང་དང་དབང་འདུས། ཧུའུ་ཏེང་ཧྥུ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།