国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2020年06月02日

ཆབ་མདོ་བཅིངས་འགྲོལ་བཏང་བ་དེ་ནི་ཆབ་མདོའི་ལོ་རྒྱུས་འཕེལ་རྒྱས་སྟེང་གི་དཀྱོགས་མཚམས་གལ་ཆེན་ཞིག་ཡིན།

—ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིམ་སྤེལ་དཔྱད་གཏམ་དང་པོ།

1950ལོའི་ཟླ10པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཀྲུང་གོའི་སྐམ་ས་ཆེན་མོར་བཅིངས་འགྲོལ་གཏོང་བའི་གཡུལ་འགྱེད་མཐའ་མ་སྟེ་ཆབ་མདོའི་གཡུལ་འགྱེད་བྱས་ནས་ཆབ་མདོའི་ལོ་རྒྱུས་ཀྱི་སྒོ་མོ་གསར་པ་ཕྱེས་པ་རེད།

1949ལོའི་ཟླ10ཚེས1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས། ཡིན་ནའང་བོད་ལྗོངས་འདི་ཉིད་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སུ་གནས་ཡོད་པ་དང་བོད་ཀྱི་མི་དམངས་ལ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཉམ་ང་བའི་བཤུ་གཞོག་དང་གཉའ་གནོན་མྱོང་གིན་ཡོད་པ་མ་ཟད་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱེད་ཀྱིན་ཡོད། བོད་ཀྱི་མི་དམངས་རྣམས་སྡུག་བསྔལ་ལས་བཅིངས་འགྲོལ་ཐོབ་ཆེད་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས་“བོད་ལ་བཅིངས་འགྲོལ་སྔ་ཙམ་གཏོང་བ་ལས་ཕྱི་དྲགས་མི་རུང”ཞེས་པའི་མཛུབ་སྟོན་གནང་ཡོད།

སྐབས་དེའི་བོད་ས་གནས་སྲིད་གཞུང་གིས་ཕྱི་རྒྱལ་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་འོག་རྒྱལ་ཁབ་དང་བོད་མི་དམངས་ཀྱི་ཁེ་ཕན་ལ་མི་བལྟོས་པར་ཀྲུང་དབྱང་སྲིད་གཞུང་གི་ཞི་བའི་གྲོས་མོལ་བྱ་རྒྱུའི་འབོད་སྐུལ་དང་ལེན་གཏན་ནས་བྱེད་ཀྱི་མེད། ཁོ་ཚོས་བོད་དམག་གི་གཙོ་ཤུགས་སྐོང་བསྡུ་དང་འབྲི་ཆུའི་ནུབ་ངོགས་སུ་བཀོད་སྒྲིག་བྱས་ནས་འབྲི་ཆུའི་ཉེན་ཁ་ཆེན་པོར་བརྟེན་ནས་ཞི་བའི་བཅིངས་འགྲོལ་ལ་དྲག་ཤུགས་ཀྱིས་འགོག་རྒོལ་བྱ་རྒྱུའི་རེ་ངན་འཆང་གི་ཡོད། དུས་བབ་དེ་འདྲའི་འོག་1950ལོའི་ཟླ་10པར་ཀྲུང་དབྱང་སྲིད་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་གིས་ཆབ་མདོའི་གཡུལ་འགྱེད་སྤེལ་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བར་འགོག་རྐྱེན་མ་བཟོས་ཀ་མེད་བྱུང་བ་རེད། མའོ་ཀྲུའུ་ཞིའི་མཛུབ་སྟོན་འོག ལྷོ་ནུབ་དམག་ཁུལ་གྱིས་དམག་སྡེ་བཅོ་བརྒྱད་པས་འཐབ་འཛིང་གི་གཙོ་ཤུགས་བྱས་ཏེ། སྡེ་དགེ་དང་འབའ་ཐང་གི་མདུན་ཕྱོགས་ནས་ནུབ་ཕྱོགས་སུ་དཔུང་འཇུག་བྱས་པ་དང་། དུས་མཚུངས་སུ་ཡུན་ནན་གྱི་དམག་སྡེ་བཅུ་བཞི་པའི་ཐོན་126པ་དང་། ནུབ་བྱང་དམག་ཁུལ་གྱི་མཚོ་སྔོན་སྐྱ་དམག་ཡན་ལག་རུ་ཁག་དང་། ཞིན་ཅང་གི་རང་ཚུགས་རྟ་དམག་ཧྲི་བཅས་ཀྱིས་སྔོན་ལ་དམག་དཔུང་བཅོ་བརྒྱད་པར་གཞོགས་འདེགས་བྱས་ཏེ་དམག་འཐབ་བྱས་པས། ཡུན་ནན་དང་། མཚོ་སྔོན། ཞིན་ཅང་བཅས་བོད་དུ་ཡོང་ནས་ཕྱོགས་མང་པོར་བློ་ཁ་ཕྱོགས་པའི་རྣམ་པ་ཞིག་ཆགས། དཔའ་ངར་ཆེ་ཞིང་དམག་རྒྱག་མཁས་པའི་མི་དམངས་བཅིངས་འགྲོལ་དམག་གིས་གངས་རི་བརྒལ་བ་དང་། འཁྱག་ཤུར་གློད་པ། གཡང་གཟར་སྒྲོལ་བ་བཅས་བྱས་ནས་མདུན་ཕྱོགས་ཀྱི་ཚུར་རྒོལ་དང་གཞོགས་ངོས་ཀྱི་བཀག་སྐྱིལ་དང་ཟུང་འབྲེལ་གྱིས་དམག་ཤུགས་ཆེན་པོར་བརྟེན་ནས་གཡུལ་འགྱེད་ཀྱི་ལྟག་སྐོར་གཏིང་ཟབ་བྱས་ཏེ་བོད་དམག་ནུབ་སྐྱོད་ལྷོ་བགྲོད་ཀྱི་ལམ་བུ་མགྱོགས་མྱུར་བཀག་སྟེ་ཉིན་བཅོ་བརྒྱད་ལྷག་ཙམ་རིང་དམག་འཐབ་ཆེ་ཆུང་ཐེངས་20ལྷག་ཙམ་བྱས་པ་བརྒྱུད་བོད་དམག་གི་གཙོ་ཤུགས་མི་གྲངས་5700ལྷག་ཙམ་ཚར་གཅོད་བྱས་པར་གཡུལ་འགྱེད་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། 1950ལོའི་ཟླ་10ཚེས་19ཉིན་ཆབ་མདོའི་མཁར་གྲོང་བཅིངས་འགྲོལ་བཏང་ནས་སྐར་ལྔའི་དར་དམར་ཐེངས་དང་པོ་གངས་ལྗོངས་ས་མཐོར་སྒྲེང་བ་རེད།

ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗིད་ཆེའི་ཉིན་མོ་དེར་ང་ཚོས་ཡིད་སྨོན་གུས་བཀུར་གྱི་བསམ་པ་བཅངས་ནས་དེ་སྔ་ཆབ་མདོར་བཅིངས་འགྲོལ་ཐོབ་ཆེད་རྒྱལ་ཁ་ཐོབ་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་ལ་དྲན་གསོ་ཞུ་བ་དང་ཆབ་མདོའི་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་ཆེད་ཆབ་མདོར་ཟུངས་ཁྲག་གཏོར་བའི་སྔོན་གཤེགས་དཔའ་བོ་ཚོར་དྲན་གསོ་ཞུ་རྒྱུ་ཡིན། ལོ་70ཡི་རིང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་ཆོག་པ་ཞིག་ནི་ཆབ་མདོའི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱ་ཆེད། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་བུའི་ཐོག་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་ཁྲག་དྲོན་བཏབ་པའི་གཙང་གསུམ་ས་གཞི་ཆེ་མོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་ལོ་ངོ་40རིང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཆབ་མདོར་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་འདྲ་བར་སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱུང་ནས་རྒྱལ་སྲིད་དར་ཞིང་དམངས་སེམས་མཐུན་པ་དང་། ལས་རིགས་ཀུན་ཡར་ངོའི་ཟླ་བཞིན་ཡར་རྒྱས་འགྲོ་བ། དབྱར་མཚོ་རྒྱས་པ་བཞིན་འཕེལ་བ་བཅས་ཀྱི་རྣམ་པ་ཞིག་ཐོན་ཡོད།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་དེང་གི་དུས་འདིར་ང་ཚོས་ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་སྐབས་ཁོང་ཚོའི་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ་དང་དཀའ་སྤྱད་འབད་བརྩོན་གྱི་གསར་བརྗེའི་སྙིང་སྟོབས་སྔར་བས་རྒྱུན་འཛིན་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྔ་ཙམ་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་ཆབ་མདོའི་གཡུལ་འགྱེད་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་སྔོན་རབས་པ་ཚོའི་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་པོ་དང་གསར་བརྗེའི་ཕུགས་བསམ་བླ་ན་མེད་པ་སློབ་སྦྱོང་བྱ་རྒྱུ་དང་། ཁོང་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་། རང་སྲོག་བློས་གཏོང་བར་མི་འཛེམ་པ། ཞུམ་མེད་མདུན་སྐྱོད་བཅས་ཀྱི་བླ་ན་མེད་པའི་བསམ་ཚུལ་ལ་སློབ་སྦྱོང་། ཁོང་ཚོས་མང་ཚོགས་ལ་རྒྱབ་རྟེན་དམ་པོ་བཅོལ་ཞིང་། མི་དམངས་ཀྱི་ཆེད་དུ་འཐབ་འཛིང་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བའི་ཀུན་སྤྱོད་བཟང་པོ་སློབ་སྦྱོང་བྱ་དགོས། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སེམས་ནུས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་གནང་བའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་ཆབ་མདོ་འདི་ཉིད་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

(དཔལ་ཐར་རྒྱལ་གྱིས་བསྒྱུར)