国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年07月02日

ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་མི་གྲངས་བསྡོམས་འབོར་ཁྲི་9000ལྷག་ཙམ་ཟིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཏང་ཡོན་མི་གྲངས་ཁྲི་9059.4ཟིན་པ། ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་ཁུལ་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། 2018ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་མི་གྲངས་བསྡོམས་འབོར་ཁྲི་9000ལྷག་ཙམ་ཟིན་ཡོད་པ་རེད།

ཟླ་6ཚེས་30ཉིན་ཡོངས་བསྒྲགས་བྱས་པའི་2018ལོའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་བསྡོམས་རྩིས་སྤྱི་བསྒྲགས་གཞིར་བཟུང་། 2018ལོའི་ཟླ་12ཚེས་31ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བསྡོམས་འབོར་ཁྲི་9059.4ཟིན་ཡོད་པ་རེད།

1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་སྐབས་ཀྱི་ཏང་ཡོན་50ནས་1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་སྐབས་ཀྱི་ཏང་ཡོན་ཁྲི་448.8དང་། དེ་ནས་2018ལོའི་ལོ་མཇུག་གི་ཏང་ཡོན་ཁྲི་9059.4ཡི་བར། ལོ་བརྒྱ་ལྷག་ཙམ་རིང་གི་འབད་འཐབ་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གི་ཡིད་དབང་འགུགས་ནུས་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་དང་གསོན་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱུང་ཡོད།

ཏང་དང་ཉེ་པོ་བྱེད་པ་དང་ཏང་ནང་ཞུགས་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་གྲངས་ལས་འདས་པའི་ཕུགས་འདུན་ཡིན་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་སུ་ཆ་སྙོམས་ལོ་ལྟར་མི་ཁྲི་390ཡིས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་ཡོད་པ་རེད།

ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུར་དམིགས་ནས་རང་རེའི་ཏང་གིས་ཏང་ཡོན་དཔུང་ཁག་གི“འཇུག་སྒོ”ནན་པོ་སྲུང་ནས་ཏང་ཡོན་གྱི་སྤྱི་འབོར་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་བརྒྱབ་པས། ཉེ་བའི་ལོ་ཤས་རིང་ལོ་རེར་ཏང་ཡོན་འཕེལ་རྒྱས་གཏོང་བའི་གྲངས་འབོར་ཁྲི་200ཡས་མས་ཟིན་པ་དང་ཏང་ཡོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་སྔར་བས་མཐོ་རུ་སོང་ཡོད།

“བརྒྱད་ཅུའི་ནང་སྐྱེས་དང་དགུ་བཅུའི་ནང་སྐྱེས”ཀྱི་ཏང་ཡོན་གྱིས་བསྡོམས་འབོར་གྱི་གསུམ་ཆ་གཅིག་ལྷག་ཙམ་ཟིན་པ་དང་། ཆེད་ཚན་སློབ་གྲྭ་ཆེ་མོ་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པའི་ཏང་ཡོན་གྱིས་བསྡོམས་འབོར་གྱི་ཕྱེད་ཀ་ཙམ་ཟིན་ནས་དཔུང་ཁག་གི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་པ་དང་ཏང་ཡོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།རིགས་གཅིག་མཁས་ཅན་གྱིས་གསུངས་དོན། ཏང་ཡོན་མི་གྲངས་བསྡོམས་འབོར་ཁྲི་9000ལྷག་ཙམ་ཟིན་པ་ནི་ཏང་ཡོན་འཕེལ་རྒྱས་ལས་དོན་གྱི་མཚམས་ཚིག་གལ་ཆེན་ཞིག་རེད་ལ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད། གུང་ཁྲན་ཏང་ཡོན་ཁྲི་9000ལྷག་ཙམ་གྱིས་མུ་མཐུད་འབད་བརྩོན་དང་འགན་འཁྲི་འཁུར་ཕོད་པ་བྱས་ཚེ་མི་རིགས་བསྐྱར་དར་སྔར་བས་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་རོལ་དབྱངས་ཤིག་དཀྲོལ་ཐུབ་ངེས་རེད།