国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2019年04月09日

བསོད་ནམས་སྒྲོལ་མས་གུང་ཁྲན་ཏང་གིས་ང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གནང་བྱུང་ཞེས་བཤད་པ།

བསོད་ནམས་སྒྲོལ་མས་བུ་ལ་འདས་ཟིན་པའི་ལོ་རྒྱུས་གླེང་བཞིན་པ།

“གངས་རི་མར་ལོ་གྱུར་ཡང་ཞིང་བདག་བདག་གིར་བཟུང་།། གཙང་པོ་འོ་མར་གྱུར་ཡང་ཁམ་གང་འཐུང་དབང་མེད།། ཚེ་སྲོག་དྲོན་མོ་འདི་ནི་ཕ་མས་གནང་ཡང་རུང་།། རང་དབང་མེད་པའི་ལུས་པོ་གཞན་གྱིས་བདག་གིར་བཟུང་། ”ཟླ་གསུམ་པའི་སྨར་ཁམས་ནི་གྲང་ཤུར་ཤུར་དུ་འདུག ད་ལོ་དགུང་ལོ་བརྒྱད་ཅུ་སླེབས་པའི་རྒན་མོ་བསོད་ནམས་སྒྲོལ་མ་ལགས་རང་ཁྱིམ་གྱི་འབོལ་གདན་ཐོག་བསྡད་དེ་བོད་རྙིང་བའི་མུན་ནག་དང་སྡུག་རྩུབ་ཀྱི་ལོ་ཟླ་དེ་དག་ཕྱིར་དྲན་གྱི་ཀློང་ན་ལྷམ་མེར་གསལ།

“ངའི་ཕ་མ་གཉིས་‘ཁྲལ་པ’ཡིན་ཞིང་འཚོ་བ་ཧ་ཅང་དཀའ་ངལ་ཆེ། ལོ་བརྒྱད་ལ་སོན་དུས་ངས་ཞིང་བདག་གི་ཁྱིམ་དུ་གོན་པ་འཁྲུ་བ་དང་། ཟ་མ་གཡོས་སྦྱོར། ཆུ་ལེན་པ། འཕྲོད་བསྟེན་གཙང་སྦྲ། ཕྲུ་གུར་ལྟ་སྐྱོང་སོགས་ཀྱི་གཡོག་མོ་ལས་ཀ་ལས་ནས་ནམ་རྒྱུན་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དུས་འདའ་བར་བྱས་པ་དང་།

དུས་རྒྱུན་དུ་ཕྲུ་གུ་རྒྱབ་ཏུ་འཁུར་དགོས་པས་སྒལ་བ་རྨ་བྱུང་། ” སྐད་ཆ་བཤད་ནས་མཚམས་འདིར་སླེབས་དུས། རྒན་མོ་བསོད་ནམས་སྒྲོལ་མའི་མིག་མཐའ་དམར་པོ་གྱུར་ཏེ“སྐབས་དེའི་འཚོ་བ་དཀའ་ངལ་ཤིན་ཏུ་ཆེ་ཞིང་ད་ལྟ་བསམ་ན་སེམས་ནས་བཟོད་དཀའ་བ་ཞིག་རེད་ཨང་།”

བོད་རྙིང་བའི་ནང་ཁྲལ་བ་རང་དབང་མེད་པ་དང་མངའ་བདག་ཆེན་པོ་གསུམ་གྱིས་སྒེར་གྱི་རྒྱུ་ནོར་དུ་བརྩིས་ཏེ་ཉོ་འཚོང་དང་། གཞན་སྐོར། སྐྱེས་འབུལ། གཉའ་གནོན། བརྗེ་རེས་བཅས་བྱེད་ཆོག་ལ། བཤུ་གཞོག་གཉའ་གནོན་བྱེད་པ་མ་ཟད་ཉེས་ཆད་ལྕི་མོ་གཅོད་པས་ངོ་མ་བསྲན་དཀའ་བ་ཞིག་རེད། ”

“ཆུང་དུས་ཞིང་བདག་གིས་མི་གསོན་པོ་སྒྱེ་མོ་ནང་བཅུག་ནས་ཁ་བསྡམས་རྗེས་ཟླ་ཆུ་ནང་བསྐྱུར་བ་མཐོང་ནས་ཉིན་ཁ་ཤས་ལ་གཉིད་སྐྱིད་པོ་ཞིག་ཀྱང་མ་ཁུགས”སྤྱི་ཚོགས་རྙིང་བའི་གདུག་རྩུབ་གླེང་དུས་རྒན་མོ་བསོད་ནམས་སྒྲོལ་མ་སེམས་ཧ་ཅང་བདེ་གྱིན་མེད།

1950ལོར་ཆབ་མདོ་བཅིངས་འགྲོལ་བཏང་ཞིང་བསོད་ནམས་སྒྲོལ་མའི་འཚོ་བ་གསར་པ་ཞིག་སྐྱེལ་མགོ་བརྩམས། 1956ལོའི་ཉིན་ཞིག་ལ་ལོ་ན་བཅུ་བདུན་སླེབས་པའི་བསོད་ནམས་སྒྲོལ་མའི་མི་ཚེར་ཁ་ལོ་སྒྱུར་བའི་དུས་ཞིག་ཡིན། ཁོ་མོ་ཆབ་མདོ་རུ་ཟླ་དགུའི་རིང་གི་བོད་རིགས་ལས་བྱེད་པའི་གསབ་སྦྱོང་འཛིན་གྲྭ་འདེམས་བསྐོ་བྱུང་བ་དང་། 1957ལོར་དམག་སྡེ་བཅོ་བརྒྱད་པའི་འཐབ་མོ་བའི་རོགས་སྐྱེལ་འོག་ལན་ཀྲུའུ་རུ་སློབ་སྦྱོང་བྱེད་པའི་བསྐལ་བ་ཐོབ། 1958ལོར་ཧྲན་ཤི་ཤན་དབྱང་དུ་ཡོད་པའི་བོད་ལྗོངས་སྤྱི་སློབ(ད་ལྟའི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ)དུ་སློབ་སྦྱོང་བྱས། 1960ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་སློབ་སྦྱོང་བྱས།

1960ལོར་སྐབས་དེའི་འཕྲིན་གཏོང་ཆ་རྐྱེན་ཧ་ཅང་ཞན་པའི་དབང་གིས་ཁྱིམ་ནས་བསོད་ནམས་སྒྲོལ་མ་ལ་གནས་ཚུལ་འབྱོར་བ་ལྟར་ན། ཚྭ་ཁ་ལྷོའི་རྒྱ་ཆེའི་ཞིང་བྲན་དང་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་བྱུང་ནས་ཕ་མ་གཉིས་ཀ་མི་ལུས་རང་དབང་ཐོབ་པ་དང་། ཁྱིམ་ལ་ས་ཞིང་དང་ཁང་པ། བ་ཕྱུགས་བགོས་པ་རེད།

མིག་མཐོང་ལག་ཟིན་གྱི་འཕོ་འགྱུར་དེས་བསོད་ནམས་སྒྲོལ་མ་སྔར་བས་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་སོང་བ་དང་། “བོད་རྙིང་བའི་དཀའ་སྡུག་ལས་ད་གཟོད་ད་ལྟའི་བོད་གསར་པའི་འཚོ་བ་མངར་མོ་གཅེས་སྤྲས་བྱེད་ཤེས། གུང་ཁྲན་ཏང་གིས་ང་ལ་འཚོ་བ་གསར་པ་གནང་བ་དང་། མི་ཞིག་བྱེད་པར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲངས་རྒྱུ་བརྗེད་མི་ཉན”

བསོད་ནམས་སྒྲོལ་མ་ནི1960ལོར་ཏང་ནང་ཞུགས། 1962ལོར་ལས་ཀར་ཞུགས། 1963ལོ་ནས་1966ལོའི་བར་ལྷོ་ནུབ་མི་རིགས་སློབ་གླིང་གི་ཞིང་ཕྱུགས་ཆེད་ལས་ལ་གསབ་སྦྱོང་བྱས། 1975ལོར་རོང་སྨད་ཀྲེན་གྱི་ཀྲེན་ཀྲང་གཞོན་པའི་འགན་འཁུར། 1984ལོར་སྨར་ཁམས་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པའི་འགན་འཁུར། 1990ལོར་ལས་འཁྱུར་ངལ་གསོ་བྱས།

ཁོ་མོ་ལས་འཁྱུར་ངལ་གསོ་བྱས་ནའང་སྔར་བཞིན་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་སྒྲོག་འགྲེལ་གྱི་ལས་གནས་ཐོག་ཏུ་ནུས་པ་གང་ལེགས་འདོན་ཏེ་གུང་ཁྲན་ཏང་ཡོན་ཞིག་གི་བླ་ན་མེད་པའི་འགན་འཁྲི་དང་ཉམས་མེད་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།

“གུང་ཁྲན་ཏང་གིས་ང་ལ་བདེ་སྐྱིད་ལྡན་པའི་འཚོ་བ་གནང་བྱུང་། གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོད་མི་སྲིད་ལ་དེ་རིང་གི་ངའང་ཡོད་མི་སྲིད”འདི་ནི་ནམ་རྒྱུན་བསོད་ནམས་སྒྲོལ་མས་སྒྲོག་འགྲེལ་སྐབས་མང་ཚོགས་ལ་བཤད་པའི་སྐད་ཆ་ཞིག་ཡིན།

ད་ཆ་མགོ་བོ་སྐྲ་དཀར་གྱིས་གཡོགས་པའི་བསོད་ནམས་སྒྲོལ་མ་སློབ་གྲྭ་དང་། གྲོང་གསེབ། ལས་ཁུངས་བཅས་སུ་སོང་ནས་ལས་བྱེད་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་ཡོད་ལ་ཚང་མས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་ཏུ་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་སྔར་བས་གཅེས་འཛིན་བྱས་ཏེ་མང་ཚོགས་དེ་བས་མང་བ་ཞིག་གིས་ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་། སྲོག་ཤིང་ལ་དགའ་ཞེན། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་འགྲོ་བར་ཁྲིད་སྟོན་བྱས་ཡོད།

ཞིང་བྲན་ནས་བདག་པོ་དང་དེ་ནས་ཡང་བསྐྱར་དེ་རིང་གི་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་ཡོད། དུས་རབས་ཕྱེད་ཀའི་ཚུན་དུ་བསོད་ནམས་སྒྲོལ་མས་བོད་ལ་དམངས་གཙོ་བཅོས་སྒྱུར་བྱས་པའི་རླབས་ཆེན་གྱི་ལོ་རྒྱུས་བརྒྱུད་རིམ་ལ་དཔང་པོ་བྱས་ཡོད། ད་ཆ་ཁོ་མོ་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་ཚྭ་ཞིང་སྲང་ལམ་དུ་སྨི་གྲུ་བཞི་མ་སུམ་བརྒྱ་ལྷག་ཡོད་པའི་བོད་ལུགས་སྡོད་ཁང་དུ་བསྡད་ཡོད་ཅིང་ཁྱིམ་དུ་ཚ་བོ་གཅིག་དང་ཚ་མོ་གཉིས་ཀ་སློབ་ཆེན་དུ་འགྲིམས་ཀྱིན་འདུག

“རྒྱལ་ཁབ་འདི་ཉིད་དུས་རབས་གསར་པ་བསྐྱོད་པ་དང་ང་ཚོ་ཁྱིམ་མིའི་འཚོ་བ་ཡང་དུས་རབས་གསར་པར་བསྐྱོད་ཡོད། འབྱུང་འགྱུར་གྱི་འཚོ་བ་སྔར་བས་ཇེ་ཡག་ཏུ་འགྲོ་བའི་ཡིད་ཆེས་བརྟན་པོ་ཡོད”ཞེས་འབྱུང་འགྱུར་གྱི་འཚོ་བའི་ཐད་ལ་རྒན་མོ་བསོད་ནམས་སྒྲོལ་མ་ཡིད་ཆེས་ཀྱིས་ཁེངས་ཡོད།

(དཔལ་ཐར་རྒྱལ་གྱིས་བསྒྱུར)